དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་གསུམ་དུས་སྲུང་བརྩི་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༢ཉིན། ཟླ་འདིའི་ཕྱི་ཚེས་༡༠ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་༧༠༠ཙམ་གྱིས། འཕྲད་དར་དང་བོད་ཀྱི་རྒྱལ་དར་སོགས་འཕྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བཞིན། 10 Downing street ཁྲན་ཌོ་ནིང་སྲང་ལམ་ནས་ལོན་ཌོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་བར་གོམ་བགྲོད་བྱས་ཡོད་པ་རེད།

ངོ་རྒོལ་སྐད་འབོད་འགོ་འཛུགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང༌། རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་ཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་བསྒྲགས་ཡིག་དང༌།  དབྱིན་ཇིའི་སྲིད་བློན་སྐུ་ཞབས་ཌེ་ཝི་ཌི་ཁེ་མེ་རོན་མཆོག་ནས་ཁ་ཐུག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་བོད་ནང་གི་ཛ་དྲག་གི་གནས་ཚུལ་སྐོར་བཀའ་མོལ་གནང་དགོས། བོད་ནང་གི་གནས་ཚུལ་རྟོགས་ཞིབ་ཆེད་འཛམ་གླིང་གི་གནད་ཡོད་མི་སྣ་དང་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་དུ་འགྲོ་སྐྱོད་ཆོ་རྒྱུར་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཡི་གེ་བཅས་མི་མང་ལ་འགྲེམས་སྤེལ་བྱས་ཡོད་འདུག

ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་མྱང་ངན་བཅད་དང༌། ཚད་མེད་ཡོན་ཏན། མི་མང་ལངས་གླུ་བཅས་རིམ་པར་བཏང་། སྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་ཞུས་པ་དང༌། གསུང་འཕྲིན་དེའི་ནང་མང་གཙོ་དང་འཚེ་མེད་ཞི་བ་ནི་བོད་མིའི་འཐབ་རྩོད་ཀྱི་རྩ་བའི་གནད་འགག་ཞིག་ཆགས་ཡོད་ལུགས་གསུངས་འདུག

ཡང་ཁོང་གི་གསུང་འཕྲིན་དེའི་ནང༌། བོད་མིའི་བདེན་དོན་ཐོག་རོགས་རམ་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་ཡོངས་དང༌། ཁྱད་པར་ཨ་རི་དང་ཡུ་རོབ་དང་ཨེ་ཤི་ཡའི་སྲིད་གཞུང་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གང་ཟག་སྒེར་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་རྒྱབ་སྐྱོར་གནང་མཁན་གྲོགས་པོ་གསར་རྙིང་ཚང་མར་རྒྱབ་སྐྱོར་མུ་མཐུད་ གནང་རོགས་ཞུ་རྒྱུ་ཡིན།  ཛ་དྲག་གི་དུས་སྐབས་འདིར་ང་ཚོར་ཁྱེད་ཚོ་སྔར་བས་དགོས་མཁོ་ཆེ་བ་ཆགས་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་ལས་དོན་གང་ཅིའི་ཐོག་མཐུན་སྐྱོར་དང་མཉམ་རུབ་ཧ་ཅང་བཟང་པོ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལྷག་དོན། འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་རིང་རྒྱ་གར་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོས་ང་ཚོར་མཐུན་འགྱུར་རོགས་རམ་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། ཁྱད་པར་ཕྲན་ནས་བོད་མིའི་ཆབ་སྲིད་འགོ་འཁྲིད་ཀྱི་འགན་ཁུར་བླངས་རྗེས་འདིའི་ཐད་མྱོང་ཚོར་སྔར་ལྷག་བྱུང་བས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞིས་བཞུགས་བོད་རིགས་སྤན་ཟླ་རྣམས་དུས་རྟག་ཏུ་ང་ཚོའི་སྙིང་དབུས་སུ་མ་བརྗེད་པར་ཡོད་ཅིང༌།  ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་མ་ཐུབ་ཀྱི་བར་གཞིས་བྱེས་བོད་མི་རྣམས་གོམ་པ་མཉམ་བགྲོད་དང་སེམས་ཁུར་མཉམ་བསྐྱེད་གནང་དགོས་ཞེས་གསུངས་འདུག

དབྱིན་ཡུལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་པད་མ་ཡོ་ཀོ་ལགས་ཀྱིས། བོད་ནང་གི་བོད་མི་ཚོས་ཨ་རབ་ཀྱི་ལི་བྷ་ཡ་དང༌། སི་རི་ཡའི་གནས་སྟངས་མཐོང་གིན་ཡོད་ལ། ད་ཆ་རྒྱ་ནག་ལའང་གནས་སྟངས་དེ་འདྲ་ཞིག་ཤར་རྒྱུའི་དུས་ལ་སླེབས་ཡོད། གནད་དོན་དེའི་ཆེད་བོད་མི་རྣམས་ཀྱིས་རང་ལུས་མེ་སྲེག་གཏོང་གིན་ཡོད་པ་རེད་ལ། བོད་དེ་ནམ་ཞིག་རང་དབང་དང་རང་བཙན་ཐོབ་ངེས་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལ་རུ་ཕྱིར་ཞབས་སོ་འཁོད་ཐུབ་ངེས་རེད་ཅེས་གསུངས་སོང་། མཇུག་མཐར་ལས་འགུལ་བ་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་ནས་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།