དགོངས་ཚུལ།

ཐའེ་ཝན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༢ཉིན། ཟླ་འདིའི་ཕྱི་ཚེས་༡༠ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་བོད་རིགས་ཚོགས་པ་དང༌། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་གོ་སྒྲིག་འོག ཁྱོན་མི་གྲངས་བརྒྱ་ཕྲག་འགའ་ཤས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

 

གསུམ་བཅུའི་དུས་དྲན་ཐེངས་༥༣པའི་སྲུང་བརྩི་དེའི་ཐོག བོད་རིགས་དང་ཐའེ་ཝན་མི་མང་བཅས་ཁྱོན་མི་གྲངས་༡༠༠༠མ་ཟིན་ཙམ་གྱིས་འཕྲེད་དར་དང༌། བོད་ཀྱི་རྒྱལ་དར་འཕྱར་ནས་འཁྲུག་ཆ་ཆེ་བའི་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ཁྲོམ་གཞུང་དུ་གོམ་བགྲོད་བྱས། དེ་ཉིན་ལས་འགུལ་ནང་རྒྱ་གར་ནས་ཕེབས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་༡༥པོ་མཉམ་ཞུགས་ཐོག་ངོ་རྒོལ་སྐད་འབོད་བྱས།

དེ་དང་ཆབས་ཅིོག་ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་རྒྱ་གཞུང་གིས་བོད་ནང་དུ་བཙན་འཛུལ་བཙན་གནོན་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེ་སྲེག་གཏོང་མཁན་བོད་མི་༢༨གྱི་སྐུ་པར་ལག་ཏུ་བཟུང་བ་དང༌། རང་ལུས་མེ་སྲེག་གཏོང་མཁན་ནང་ཁྱོན་བོད་མི་༡༨འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ངོ་རྒོལ་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་མ་བྱས་གོང་ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས། བོད་ནི་ཕྱི་ལོ་༡༩༥༠ལོར་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང༌། འོན་ཀྱང་ད་ཆ་ང་ཚོ་སྐྱབས་བཅོལ་བའི་གནས་བབས་སུ་ཆགས་པ་རེད། ཕྱི་ལོ་༡༩༥༠ནས་བཟུང་སྟེ་བོད་མི་རྣམས་ཀྱིས་རང་བཙན་འཐབ་རྩོད་བྱས་པ་དང༌། ཉེ་བའི་ཆར་ཁྱོན་བོད་མི་༢༨གྱིས་ང་ཚོའི་ཆོས་ལུགས་དང་ང་ཚོའི་རང་བཙན་ཆེད་རང་ལུས་མེ་སྲེག་བཏང་ཡོད།

ཕྱི་ལོ་༡༩༥༠ནས་༡༩༥༩བར་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོས་ལེན་གཏན་ནས་མ་བྱས་སྟབས། རྒྱ་ནག་གཞུང་གིས་དྲག་གནོན་འོག་ཕྱི་ལོ་༡༩༥༩ལོར་༧གོང་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་བོད་མི་རྣམས་ཕྱིར་རང་ཡུལ་དུ་ལོག་རྒྱུར་རང་དབང་ཡོད་ཅིང༌། ང་ཚོ་རང་བཙན་གནས་རྒྱུར་ཐོབ་ཐང་ཡོད། ང་ཚོས་མུ་མཐུད་ནས་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་འདུག

དེ་རྗེས་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ Chow Mei-li ཀྲུའུ་མིད་ལིས་ཀྱིས། ཐའེ་ཝན་མི་མང་རྣམས་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་རེད། གང་ཡིན་ཟེར་ན། ཐའེ་ཝན་མི་མང་མང་ཆེ་བས་བོད་མི་དང་བོད་པའི་ནང་ཆོས་ལ་དགའ་ཞེན་ཡོད་པ་རེད་ཅེས་དང༌། ཡང་ཁོ་མོས་ཐའེ་ཝན་གྱི་སྲིད་འཛིན་མཱ་དབྱིངས་ཇུང་སྲིད་གཞུང་ལ་རྒྱ་ནག་གཞུང་གིས་བོད་དང་ཧི་མ་ལའི་རི་བརྒྱུད་ཀྱི་མི་མང་ལ་བཙན་གནོན་བྱེད་བཞིན་པའི་གནས་སྟངས་ཐད་ཁ་གྲགས་དགོས།

སྲིད་འཛིན་མཱ་དབྱིངས་ཇུང་གིས་བོད་མིའི་དཀའ་སྡུག་ལ་བསམ་ཤེས་མ་བྱས་པ་ནི་ངན་པ་གལ་སྦྲེལ་བྱས་པ་ཞིག་རེད་ཅེས་གསུངས་འདུག ཡང་ཁོ་མོས་རྒྱ་ནག་གཞུང་གིས་བོད་ནང་དུ་དགོན་པ་ཁག་གི་ནང་དྲག་ཆས་སྤྲས་པའི་དམག་མི་རྣམས་ཕྱིར་འཐེན་མ་བྱས་བར་སྲིད་འཛིན་མ་དབྱིངས་ཇུང་གི་རྒྱ་ནག་གཞུང་དང་ཚོང་འབྲེལ་ཁག་ཡོངས་སུ་མཚམས་འཇོག་བྱེད་དགོས་ཅེས་གསུངས་འདུག

གཞན་ཡང་དེ་ཉིན་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲང་ཆེ་གཞོན་པ་ཀོ་ཁྲན་ཁྲི་དང༌། ཚོགས་མི་ཐན་ཡི་ཁང་དང༌། ཡུ་མིད་ནུ། ཁྲན་ཆིན་ཇུ་བཅས་དང༌། ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁྲན་ཡུ་ཡན། སྔོན་མ་ཐའེ་ཝན་གྱི་འོས་བསྡུ་འགན་འཛིན་སུ་ཧན་ཁྲི་བཅས་མཉམ་ཞུགས་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།