དུས་དྲན་ཐེངས་༥༣པའི་ཐོག་བོད་ཀྱི་གཞོན་ནུའི་བསྒྲགས་གཏམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༠ཉིན། དེ་རིང་ཕྱི་ལོ་༡༩༥༩ལོའི་ཟླ་༡༠པའི་ཚེས་༡༠ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་རྣམས་ཀྱིས་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་༥༣འཁོར་བའི་དུས་དྲན་མཛད་སྒོ་ཐོག བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས། རྒྱལ་སྤྱིའི་སྲིད་གཞུང་དང༌། ཚོགས་སྡེ། མི་སྒེར་བཅས་ཀྱིས་ནུས་པ་ལྡན་ཞིང༌། དོན་དམ་གྱིས་རྒྱ་ནག་ལ་གནོན་ཤུགས་དང༌། བོད་མི་མང་གི་འབོད་སྒྲར་བདག་སྤྲོད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཤུགས་དྲག་གནང་འདུག

དེ་ཡང་དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས། འདི་ལོའི་གསུམ་བཅུའི་དུས་དྲན་ནི། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགྲོ་འཁྲིད་ལ་རྩིས་སྤྲོད་གནང་རྗེས་ཀྱི་གསུམ་བཅུའི་དུས་དྲན་ཐོག་མ་དེ་ཆགས་ཡོད་ཅིང༌། ༼བཙན་བྱོལ་བོད་གཞུང་ནི་ང་ཚོའི་བླ་མེད་ཀྱི་སྲིད་གཞུང་གཅིག་པུ་དེ་ཡིན་༽པས། བོད་མི་རྩམ་གཟན་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ཡིད་ཆེས་འགྱུར་བ་མེད་པར། མ་འོངས་པར་ཡང་བོད་གཞུང་ལ་གུས་བཀུར་དང་མཉམ་རོགས་བླ་ལྷག་ཏུ་ཞུ་རྒྱུའི་དམ་བཅའ་ཞིག་གིས་མ་འོངས་པའི་ལོ་ཟླ་དང་འགན་འཁུར་ལ་ཁ་ཕྱོགས་རྒྱུ་ནི། འདི་ལོའི་གསུམ་བཅུའི་དུས་དྲན་གྱི་འགན་འཁུར་དང་དོན་སྙིང་ཁྱད་པར་བ་ཞིག་ཆགས་ཡོད།

གོང་གསལ་སྲིད་དབང་བརྒྱུད་སྤྲོད་ཐུབ་པའི་རླབས་ཆེན་གྱི་འགྱུར་བའི་འཕེལ་རིམ་འདི་བར་དུ་སླེབས་ཐུབ་པ་ནི། ༧གོང་ས་མཆོག་གིས་བླ་མེད་དབུ་ཁྲིད་འོག གཙོ་བོ་རྒྱ་གར་གཞུང་དང་མང་ཚོགས་ཀྱིས་ང་ཚོར་དཀའ་ཚེགས་ཆེ་བའི་དུས་སུ་མི་ལོ་༥༢ལྷག་གནས་གཡར་དང་ལྷག་བསམ་རྣམ་དག་གིས་བདེན་རྒྱབ་གནང་བ་དང༌། དེ་བཞིན་མི་རབས་གོང་མའི་སྲི་ཞུ་བ་རྒན་གྲས་ཚོས་སྙིང་སྟོབས་རྒྱུན་འཆང་གིས་འབད་བརྩོན་གནང་བའི་འཕེལ་རིམ་ཞིག་ལགས་པས། དེ་རིང་རྒྱ་གར་གཞུང་དམངས་དང༌། བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྒས་གྲས་ལས་ཟུར་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དགྲ་བོ་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཀྱི་བརྒྱུད་རིམ་ནང༌། བོད་ལ་རང་དབང་བདེ་སྐྱིད་བསྐྲུན་ཚུལ་དང༌། བོད་མི་མང་གིས་རྒྱ་གཞུང་ལ་དགའ་མོས་རྒྱབ་སྐྱོར་ཡོད་ཚུལ་བརྗོད་བཞིན་དུ། ཉེ་ལམ་བོད་ཀྱི་ས་ཁུལ་མང་དག་ནས་བོད་ཀྱི་ངོ་བོ་མཚོན་ཐབས་དང༌། རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས། བོད་མི་མང་གི་འབོད་སྒྲ་ལ་ཉན་སེམས་ཙམ་ཡང་མེད་པར། རྒྱ་བོད་གཉིས་ཀྱི་ཡིག་ཆེན་ཐོག ༼མེ་མདས་ངའི་ཁར་ཉན། ངས་ཏང་གི་ཁར་ཉན།༽ཅེས་པའི་དམག་དཔུང་གི་འབོད་ཚིག་འོག ཐད་ཀར་དྲག་གནོན་དམར་གསོད་དང༌། འཛིན་བཟུང་མནར་གཅོད། འཇིགས་སྐུལ་བཙན་གནོན་བྱེད་བཞིན་པ་ནི། རྒྱ་ནག་གི་དྲིལ་བསྒྲགས་ལ་བདེན་དོན་མེད་པ་དང༌། བོད་མི་མང་གི་སྙིང་སྟོབས་ལ་ཞུམ་པ་མེད་པའི་བདེན་དཔང་གསལ་པོ་ཞིག་ཆགས་ཡོད་པས། རྒྱལ་སྤྱིའི་སྲིད་གཞུང་དང༌། ཚོགས་སྡེ་མི་སྒེར་བཅས་ཀྱི་ནུས་པ་ལྡན་ཞིང༌། དོན་དམ་གྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་དང༌། བོད་མི་མང་གི་འབོད་སྒྲར་བདག་སྤྲོད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཡང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༥སྟེ།  ཟས་བཅད་ལས་འགུལ་ཉིན་༢༣པའི་ཐོག ནེའུ་ཡོག་ཟས་བཅད་ལས་འགུལ་ལ་གཞི་རྒྱ་ཆེ་བའི་རྒྱབ་སྐྱོར་ལས་འགུལ་ཉིན་མོ། རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་ལྷན་རྒྱས་ལ་བཀོད་ཁྱབ་གཅིག་བཏང་འདུག

བཀོད་ཁྱབ་དེའི་ནང་།
བྱང་ཨ་རིའི་ས་གནས་གཞོན་ནུ་ཁག་གིས་ས་གནས་ཀྱི་དུས་ཚོད་ལ་དཔགས་པའི་ཨ་རིའི་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང༌། སྲིད་འཛིན། གྲོང་སྡེའི་སྤྱི་ཁྱབ། ཨ་རིའི་བོད་དོན་དམགིས་བསལ་འབྲེལ་མཐུད་པ་སོགས་བྱང་ཨ་རིའི་ཁུལ་གྱི་གནས་ཡོད་དཔོན་རིགས་ཁག་ལ་ངོ་བཅར་དང་ཞུ་སྙན་བརྒྱུད། ཟས་བཅད་ཀྱི་ལས་འགུལ་དང་དགོས་འདུན་ལ་རྒྱབ་སྐྱོར་གང་ལེགས་ཐུབ་ཐབས་གནང་དགོས།

བྱང་ཨ་རིའི་ས་གནས་གཞོན་ཁག་གིས་ས་གནས་ཀྱི་དུས་ཚོད་ལ་དཔགས་པའི་སྒོ་ནས། ཟས་བཅད་གནང་ཡུལ་དུ་ས་གནས་སོ་སོ་ནས་མི་མང་གང་མང་བསྡུ་སྐོང་གིས། ཉིན་མ་རེ་རེར་ཟས་བཅད་གནང་ཡུལ་དུ་རིས་མོས་ཀྱི་ཟས་བཅད་ངོ་རྒོལ་གནང་རྒྱུ།

ས་གནས་གཞོན་ནུ་ཁག་ཚང་མས་ཕྱི་ཚེས་༡༥ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང༌། འཇི་ནེ་ཝར་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༡༩པ། དེ་བཞིན་རྒྱལ་སྤྱིའི་དབུས་ཁྲིད་ཁག་ལ་ཟས་བཅད་ཀྱི་དགོས་འདུན་ཁག་བདག་སྤྲོད་དགོས་པའི་ཞུ་སྙན་མྱུར་འཕྲིན་Faxཐོག་བརྒྱུད་གཏོང་གིས་Fax Jam མྱུར་འཕྲིན་འགག་འཚང་ཐོག་ནས་ཟས་བཅད་ཀྱི་དགོས་འདུན་ལ་དོ་སྣང་རྒྱབ་སྐྱོར་ཡོང་བའི་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུ།

ཇི་ནིང་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འགྲོ་བཞིན་པར། ཚེས་༡༥ཉིན་ཡོ་རོབ་གཞོན་ནུའི་སྣེ་འཁྲིད་འོག འཛི་ནེ་ཝར་ལྷན་ཚོགས་མདུན་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་གནང་རྒྱུ།

ཕྱི་ཚེས་༡༥ཉིན་བྷེལ་ཇེམ་ས་གཞོན་གྱིས་སྣེ་འཁྲིད་འོག ཡོ་རོབ་མཉམ་འབྲེལ་གྱི་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་དང༌། དེ་བཞིན་ཡོ་རོབ་མཉམ་འབྲེལ་དང༌། གྲོས་ཚོགས། ཡོ་རོབ་ཁུལ་གྱི་སྲིད་གཞུང་གི་དབུ་ཁྲིད། གྲོས་ཚོགས་འཐུས་མི་བཅས་ལ་ཟས་བཅད་དགོས་འདུན་ཐོག་རྒྱབ་སྐྱོར་ཡོང་བའི་ཞུ་སྙན་འབུལ་རྒྱུ།

བཞུགས་སྒར་དྷ་རམ་ས་ལར་དབུས་རྒྱུན་ལས་ཀྱི་གོ་སྒྲིག་འོག ཚེས་༡༥ཉིན་དབུས་རྒྱུན་ལས་ཟུར་པ་དང་དབུས་རྒྱུན་ལས་ཀྱིས་ཉིན་གཅིག་རིང་ཟས་བཅད་ལས་འགུལ་ནང་ཞུགས་རྒྱུ་ཡིན་ལུགས་བཅས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།