ངྷ་སར་མོག་མོག་བཙོང་མཁན་གྱི་བོད་མོ་བསོད་ནམས་ལྷ་མོ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༩ཉིན་སྤེལ། ཆུ་ཚོད་༦:༣༠སྟེང༌། དགོང་ཉི་མ་ཚང་ལ་ལོག་དུས། བཞུགས་སྒར་ངྷ་རམ་ས་ལའི་སྲང་ལམ་གྱི་ལྷ་ཁང་ཆུང་ཆུང་ཞིག་གི་སྐས་འཛེག་གི་ཟུར་དུ། བོད་མོ་བསོད་ནམས་ལྷ་མོས་སྔར་བཞིན་རླངས་པ་འཕྱུར་འཕྱུར་གྱི་མོག་མོག་ཁོན་ཚགས་འགའ་སྲུང་བཞིན་མཆིས། ནངས་ཉི་འཆར་ས་གཞིར་འཕྲོས་མ་ཐག་ཁོ་མོས་མོག་མོག་བཙོང་འགོ་ཚུགས་མོད། ཁོ་མའི་མོག་མོག་བཙོང་སའི་ས་གནས་དེ་གཞན་རླངས་འཁོར་འབབ་ཚུགས་སམ་ཐེག་ཆེན་གཙུག་ལག་ཁང་གི་མདུན་བཞིན་ཡག་པོ་མེད་སྟབས་ཚོང་བྲིན་དཀའ། དེ་བས་ཁོ་མོས་ཉི་ནུབ་རྗེས་མུ་མཐུད་དུ་ཆུ་ཚོད་གཉིས་རིང་ལ་ཚོང་བཀྲམ་དགོས་ཀྱིན་ཡོད་པ་རེད། བསོད་ནམས་ལྷ་མོར་ངྷ་སར་འོས་འཚམ་གྱི་ལས་ཀ་གཞན་མ་རག་སྟབས། ཁོ་མོས་ཟླ་གཅིག་གི་སྔོན་དུ་མོག་མོག་བཙོང་བའི་ལས་གཉེར་བྱེད་འགོ་བརྩམས་ཡོད་པ་རེད།
ཁོ་མོས་འདི་ག་གསར་ཁང་གི་གསར་འགོད་པར་བརྗོད་དོན། ང་ནི་མཁལ་མ་གཅིག་ལས་མེད་པའི་སྨན་བསྟུན་ནད་པ་ཞིག་ཡིན་པས། བདུན་ཕྲག་རེའི་ནང་ཐེངས་རེར་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས་ཤིང༌། མོག་མོག་བཙོང་ནས་བསགས་པའི་དངུལ་ཚང་མ་སྨན་རིན་གྱི་སྒང་ལ་གཏོང་གིན་ཡོད། སྨན་པས་ང་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ་གཤགས་ལས་བརྒྱུད་ནད་བཅོས་བྱེད་དགོས་ཟེར་ཡང༌། ང་རང་དབུལ་བོ་ཡིན་པས་གཤགས་བཅོས་ཀྱི་འགྲོ་གྲོན་དེ་གཏོང་ཐབས་མེད། གཞན་ད་དུང་ང་ལ་ཕྲུག་གུ་བུ་མོ་ཞིག་ཀྱང་ཡོད། ཅེས་ཟེར།
བསོད་ནམས་ལྷ་མོ་ལོ་བརྒྱད་ཀྱི་ཡར་སྔོན་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་སྟེ། ཤེས་རབ་དགའ་ཚལ་སློབ་གླིང་ནང་འཛུལ་ཞུགས་བྱས་ཀྱང༌། ཁོ་མོ་ནི་བོད་ནང་དུ་སློབ་གྲྭར་འགྲོ་མྱོང་མེད་མཁན་གྱི་ཡིག་རྨོངས་པ་ཞིག་ཡིན་སྟབས། སློབ་གྲྭའི་ཁྲིད་གཞི་དག་གི་རྗེས་བསྙེགས་ཐབས་བྲལ་བ་མ་ཟད། དགའ་རོགས་ཀྱི་གཡོ་རྫུན་འོག་ཚུད་སྟེ་སློབ་གྲྭ་ནས་ཕྱིར་བཏོན་བྱས།
བསོད་ནམས་ལྷ་མོའི་ཕྲུག་གུའི་པྭ་ལགས་ཀྱིས་བོད་ནང་དུ་བཟའ་ཟླ་དང་བུ་ཕྲུག་མེད་ཚུལ་གྱི་སྐྱག་རྫུན་བཤད་སྟེ་ཁོ་མོར་མངལ་འཁོར་དུ་བཅུག་རྗེས། ཁོ་མ་མད་གཉིས་བསྐྱུར་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཁོ་མོས་ཉམ་ཐག་པའི་ངང་བརྗོད་དོན། བོད་དང་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་གང་གིས་ཀྱང་ང་ལ་རོགས་འདེགས་བྱས་མྱོང་མེད་མོད། ངའི་བུ་མོ་ལ་བཙན་བྱོལ་བོད་གཞུང་གིས་སྤྱི་ཁྱབ་ཐོག་མཁོ་འདོན་གནང་བཞིན་པའི་སློབ་གསོ་རིན་སློབ་རིན་སྤྲོད་དགོས་ཀྱི་མེད་པར་ཐོབ་ཀྱིན་ཡོད། ངས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་མོག་མོག་ཉིན་རྟག་པར་བཙོང་བཞིན་ཡོད་པས། རང་ཉིད་ཀྱི་གྲོགས་མོ་ཚོ་དང་ལྷན་དུ་ལྷོད་ལྷོད་སྡོད་ཁོམ་མེད་ཅིང༌། མ་འོངས་པའི་མི་ཚེ་སྐྱེལ་ཕྱོགས་ཐད་ལའང་འཆར་གཞི་གང་ཡང་མེད།
ང་རང་དབུལ་བོ་ཡིན་ཁར། ངའི་ནད་གཞིའང་ལྕི། བོད་ཕྲུག་ཁྱིམ་སྡེས་ངའི་བུ་མོ་ལྟ་སྐྱོང་གང་ལེགས་བྱེད་པར་རེ་བ་སྨོན་ལམ་རྒྱག་པ་ལས། ང་ལ་ མོའི་མ་འོངས་མདུན་ལམ་ཐད་འཆར་བཀོད་ཅི་ཡང་མེད། ཅེས་བརྗོད་བྱུང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (2)
བསྟན་པ་ཉི་མ་ལགས་སྐུ་ཉིད་ཀྱིས་བོད་ཀྱི་བུད་མེད་དབུལ་པོ་བསོད་ནམས་ལྷ་མོའི་དངོས་ཡོད་ཀྱི་གནས་སྟངས་ཤམ་བྷ་ལ་ཕོ་ཉའི་དྲ་ལམ་ཐོག་ནས་གཟིགས་ཏེ་་སྦྱིན་བདག་འཚོལ་སྒྲུབ་ཀྱིས་རོགས་སྐྱོར་གནང་རྒྱུ་ཡིན་ལུགས་གསུངས་པར་ང་ཚོའི་རྩོམ་སྒྲིག་ལས་བྱེད་ཡོངས་ནས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། མ་འོངས་པར་ཡང་དེ་འདྲའི་སྤྱི་ཚོགས་ཞབས་ཞུ་མི་དམན་པ་བསྒྲུབ་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས། རྩོམ་སྒྲིག་པས་ཟླ་༧ཚེས་༡ཉིན་བཟང་པོར་ཕུལ།།།
1 ༢༦༢༠༠༩༡༠༠༢
སྐུ་ཞབས་རྩོམ་སྒྲིག་པ་ལགས།
གོང་གི་གནས་ཚུལ་དེ་དངོས་ཡོད་གནས་ཚུལ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ཚེ་ཁྱེད་ཀྱི་གོང་གི་བོད་ཡིག་ཐོག་གི་གནས་ཚུལ་དེ་དབྱིན་ཐོག་ཏུ་བསྒྱུར་ནས་ང་ལ་ཁོ་སྤྲོད་ཐུབ་དམ། གལ་ཏེ་དེ་ལྟར་བྱུང་ཚེ་ངས་ཁོ་མོར་སྦྱིན་བདག་ཅིག་རྙེད་པ་བྱེད་ཐུབ།
གུས་པ་བསྟན་པ་ཉི་མས།
དེ་ལྟར་བྱུང་ཚེ་ཁྱེད་ཀྱིས་གློག་འཕྲིན་ཁ་བྱང་འདིའི་ཐོག་གཏོང་གནང་ཡོང་བ་དང༌།
Mail: This e-mail address is being protected from spambots, you need JavaScript enabled to view it
Cell: 9418017569



བརྗོད་གཞི་གཞན་ཁག་ལ་གཟིགས།