དགོངས་ཚུལ།

བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༥༣པ་སྲུང་བརྩི་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༠ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༩པའི་ཐོག་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་སེར་སྐྱ། བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་སེར་སྐྱ་མི་གྲངས་སྟོང་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་པར་བོད་མི་རྣམས་ཀྱིས་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་ཧྲིལ་པོ་༥༣འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད།

ཐོག་མར་ཚང་མ་སྐུ་བཞེངས་ཐོག་དྷ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གཏོང་བ་དང་ཆབས་ཅིག བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས། དེ་ནས་རང་ལུས་མེ་སྲེག་ཚུན་པའི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་བོད་མི་རྣམས་ལ་མྱང་ངན་གུད་འདུད་ངག་བཅད་སྐར་མ་གཅིག་རིང་གནང༌།

དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་རྣམས་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་བ་དང༌། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང༌། སྐུ་མགྲོན་གཙོ་བོ་ཨི་ཊ་ལི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་གྷིན་ནི་Gianni Vemetti མཆོག་གིས་གསུང་བཤད། དེ་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་བཅས་རིམ་པར་གནང་ཡོད།

དེ་རྗེས་དྷ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་གསུམ་བཅུའི་དྲན་གླུ་བཏང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་མཚམས། དྷ་ས་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། འདི་འདྲའི་ཁོང་ཅག་ནང་མི་གསུམ་གྱིས་ཞི་བའི་གོམ་བགྲོད་བྱེད་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བཅས་གསུང་བཤད་གནང་བ་དང༌། བོད་རིགས་གཞོན་སྐྱེས་མིག་དམར་ལགས་ཀྱིས་ཁོང་གིས་མིག་རས་ནག་པོ་ཞིག་གིས་བཀབ་ནས་རྒྱལ་གར་རྒྱལ་ཡོངས་ནང་ཞི་བའི་གོམ་བགྲོད་བྱ་རྒྱུ་ཡིན་ལུགས་བཅས་གསུང་བཤད་རིམ་པར་གནང་སོང༌།

ཐེངས་འདི་ནི་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་རྗེས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་དང་པོ་དེ་ཆགས་ཡོད་སྟབས། དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་༥༣པའི་ཐོག་དམིགས་བསལ་ཡོངས་ཁྱབ་ཀྱི་གསུངས་འཕྲིན་གནང་མེད་པ་རེད།

གཞན་ཡང་དེ་རིང་གསུམ་བཅུ་དུས་དྲན་གྱི་མཛད་སྒོ་དངོས་གཞི་གྲུབ་མཚམས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང༌། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་རྣམ་གཉིས་ཀྱིས་བོད་མི་དང་དམིགས་བསལ་ཕྱི་རྒྱལ་གྱི་གསར་འགོད་པ་༣༠ཡས་མས་ཤིག་ལ། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པའི་སྐོར་དང༌། བོད་གཞུང་བཀའ་ཤག་གི་ཆབ་སྲིད་ཀྱི་ལངས་ཕྱོགས། མ་འོངས་ལས་འགུལ་གསར་པ་བཅས་ཀྱི་སྐོར་དྲི་བར་དྲིས་ལན་གནང་ཡོད། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་ཐོག་བོད་མི་སྟོང་ཕྲག་འགའ་ཤས་ཀྱིས་དྷ་ས་ནས་དྷ་ཤོད་ཀ་ཅཱ་རི་བར་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༠༢༠༡༢༡༥༣༩
སྨར་བསྟན་འཛིན་བཀྲ་ཤིས།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ལགས་ཀྱིས་དུས་རྟག་ཏུ་གསར་འགྱུར་དུས་ཐོག་ཏུ་བཀོད་པར་ཡི་རངས་བསྔགས་བརྗོད་དང་། སླད་མར་ཡང་དེ་ལྟར་ཡོང་བའི་རེ་འདུན་དང་བཅས། བོད་རྒྱལ་ལོ།



བརྗོད་གཞི་གཞན་ཁག་ལ་གཟིགས།