ཆབ་སྲིད་ཀྱི་ལས་འགན་ནང་འཐུས་ཤོར་གང་ཡང་ཕྱིན་ཡོད་པ་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༨ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་༣དང་༤ཙམ་ཞིག་ལ་སྐྱེས་རབས་ཀྱི་གསུང་ཆོས་དང་བཀའ་དབང་བཅས་གནང་ཡོད།

གསུང་ཆོས་དང་བཀའ་དབང་གནང་གྲུབ་མཚམས་སུ་༧གོང་ས་མཆོག་གིས། ན་ནིང་ནས་འགོ་བཟུང་སྟེ་ངས་༧རྒྱལ་དབང་ལྔ་པ་ཆེན་པོ་སྐབས་ནས་མར་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཟེར་བ་དེ་མཚམས་བཞག་པ་རེད། མ་འོངས་ངོས་ཀྱི་ཚེ་ལྷག་མ་གང་ཡོད་པ་དེས་གང་ཐུབ་ཅི་ཐུབ་ཀྱིས་འཇིག་རྟེན་སྤྱིའི་མིའི་བདེ་སྐྱིད་དང༌། མིའི་རྣམ་དཔྱོད་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ད་ལྟ་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ཡང་ངས་འབད་བརྩོན་བྱ་རྒྱུ་ཡིན། དེའི་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་ཐོག་ལའངས་གང་ལ་གང་འཚམ་གྱིས་བསྒྲུབས་ཡོད། ད་དུང་ཡང་ཆོས་ལུགས་མཐུན་སྒྲིལ་ཡོང་བར་ངས་འབད་བརྩོན་བྱ་རྒྱུ་ཡིན།

དེ་གཉིས་ཀ་རྒྱ་གར་གྱི་མེས་པོ་ཚོའི་ས་ནས་ཤེས་པ་ཞིག་རེད། Ahimsa འཚེ་བ་མེད་པ་ཟེར་བ་དེ་རེད། འཚེ་བ་མེད་པ་ཟེར་ཡ་དེ་ཕྱི་རོལ་གྱི་ལུས་ཀྱི་རྣམ་འགྱུར་འཚེ་བ་མེད་པ་གཅིག་པོའི་སྐད་ཆ་མ་རེད། འཚེ་བ་མེད་པ་ཟེར་བ་དེ་གཙོ་བོ་གཙོ་བོ་སེམས་ཀྱི་ནང་ནས་ང་རྒྱལ་དང༌། ཕྲག་དོགས། ཞེ་སྡང་དེ་ཚོ་མེད་པ། བྱམས་པ་དང་བརྩེ་བ། གུས་བརྩི་ཟེར་བ་དེ་ཚོ་ཤུགས་ཆེ་རུ་བཏང་ན་འཚེ་བ་མེད་པ་རང་ཤུགས་ནས་ཡོང་གི་རེད།

ཡིད་ཀྱི་འཚེ་བ་མེད་པ་དེ་བྱུང་ན་ལུས་ངག་ནང་ཡོང་ཡོང་པ་རེད། ཡིད་ཀྱི་འཚེ་བའི་གཞན་དབང་དུ་བསྡད་པ་ཡིན་ན། ལུས་རང་གི་འཚེ་བ་དེ་རང་བཞིན་གྱི་ཡོང་གི་རེད། དེར་བརྟེན་ངས་འཚེ་བ་མེད་པ་ཟེར་བ་དེ་གཙོ་བོ་གཙོ་བོར་བྱམས་བརྩེ་དགོས་ཀྱི་ཡོད་པ་རེད། བྱམས་བརྩེ་ཟེར་བ་དེ་ཆོས་པ་གཅིག་པུའི་སྐད་ཆ་མ་རེད། དུད་འགྲོ་ཚོ་ལའང་བྱམས་བརྩེ་སྐྱེ་ཡི་ཡོད་པ་རེད།

ཆོས་ལུགས་ཁག་དེ་ཚོའི་ནང་ལྟ་གྲུབ་ཀྱི་ཐོག་ནས་འགལ་བ་ཆེན་པོ་ཡོད་པ་རེད། རྩོད་པ་ཆེན་པོ་ཡོད་པ་རེད། སངས་རྒྱས་ཀྱི་གཞུང་ནས་ལྟ་གྲུབ་འདྲ་མིན་དེ་ཚོར་སློབ་དཔོན་ཕྱོགས་གླང་དང༌། ཆོས་གྲགས། ཨརྱ་དེ་ཝ་ལ་སོགས་པས་སྟོན་པའི་ནང༌། ཕྱི་རོལ་བ་གཅིག་པུ་མ་རེད། རང་ལུགས་ནང་པའི་གྲུབ་མཐར་ཆགས་བཞག་ནའང་རྒྱུད་སྡེ་གོང་མ་གོང་མས་རྒྱུད་སྡེ་འོག་མ་འོག་མར་བསྒྲིགས་ནས་ཡོང་གི་ཡོད་པ་རེད། དེ་ཚོ་ཆོས་ཀྱི་ཤེས་རབས་འཕེལ་བའི་ཆེད་དུ་རེད་མ་གཏོགས། ཕྲག་དོག་གི་སྐད་ཆ་མ་རེད། ཤེས་སོང་ངམ།

དེར་བརྟེན་ལྟ་གྲུབ་ཀྱི་ཐོག་ནས་མི་མཐུན་པ་ཡོད་པ་རེད། འོན་ཀྱང་བསླབ་བྱ། བྱམས་པ་དང༌། བརྩེ་བ། ཆོག་ཤེས། གཞན་ཕན་བཅས་དགོས་ཀྱི་ཡོད་པ་རེད་ཅེས་ཆོས་ལུགས་ཚང་མས་གསུངས་ཡོད་པ་རེད། ཆབ་སྲིད་ཀྱི་ལས་ཀ་བྱེད་ཟེར་བ་དེ་ཚད་ཅན་རེད། དུས་ཚོད་གཅིག་ནས་ངས་བཞག་གི་རེད་ཅེས་ངས་སྔོན་མ་ནས་བཤད་ཡོད། ན་ནིང་ངས་བསྒྲུབས་པ་རེད།

གོང་མ་གཉིས་པོ་དེ་ངོས་མ་ཤེས་བར་བསྒྲུབ་ཀྱི་རེད་ཅེས་སྔོན་མ་ནས་ངས་བཤད་བསྡད་ཀྱིན་ཡོད། ན་ནིང་ལོ་དེར་དངོས་སུ་ལག་ལེན་བསྐྱེལ་ནས་ད་ལྟ་ལོ་གཅིག་ཕྱིན་པ་རེད། གང་ལྟར་ཆབ་སྲིད་ཀྱི་ལས་འགན་ནང་འཐུས་ཤོར་གང་ཡང་ཕྱིན་ཡོད་པ་མ་རེད། ཁྱེད་རང་ཚོ་ཚང་མས་བློ་བདེ་པོ་བྱོས། ང་རང་ལ་ཆགས་བཞག་ནའང་བློ་བདེ་པོ་ཡོད། བཀྲིས་བདེ་ལེགས་ཅེས་བཀའ་བསྩལ་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།