དགོངས་ཚུལ།

འབའ་པ་གཞིས་བྱེས་ཐུན་མོང་གི་བརྟན་བཞུགས་བསྟར་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༧ཉིན། དེ་རིང་ཞོགས་པ་ཆུ་ཚོད་༨ ཙམ་ལ། ཐེག་ཆེན་གཙུག་ལག་ཁང་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འབའ་པ་གཞིས་བྱེས་མི་མང་ཐུན་མོང་ནས་༧མགོན་པོ་རང་ཉིད་ལ་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

སྐབས་དེར་༧མགོན་པོ་གང་ཉིད་ནས་གསུང་བཤད་གནང་དོན། ང་རང་གི་མི་ཚེ་འདིའི་ནང་དུ་ཆ་བཞག་པ་ཡིན་ནའང། འབའ་པ་ཡུལ་ལུང་ཆུང་ཆུང་དེའི་ནང་ནས་བསྟན་པ་འཛིན་མཁན་གྱི་མཁས་པའི་དབང་པོ་མང་པོ་ཞིག་ངོ་ཤེས་ཀྱི་ཡོད་ལ།  དཔེར་ན། བགྲེས་པའི་གྲས་ཤིག་རྒན་པདྨ་རྒྱལ་མཚན་ལགས་མཁས་པའི་དབང་པོ་ཧ་ལས་པ་ཞིག་རེད། དེ་བཞིན་རྒན་ཉི་མ་རྒྱལ་མཚན་ལགས་བསམ་གྱིས་མི་ཁྱབ་པའི་མཁས་པའི་དབང་པོ་དང་རིག་སྟོབས་ཕུལ་དུ་བྱུང་བ་ཞིག་རེད། ངས་ཁོང་གི་དྲུང་ནས་གསུང་ཆོས་ཐེངས་མང་པོར་ཞུས་མྱོང་།  ད་ལྟ་ཁོང་རྣམ་པ་གཉིས་ཀྱི་ཡང་སྲིད་འདིར་ཡོད་པ་རེད། གོང་མའི་མཛད་པ་རྗེས་སུ་བསླབ་ནས་ཡག་པོ་ཞིག་གནང་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་རེད་ཅེས་དང་།

འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་སྐོར་ལ་གསུངས་དོན། ༡༩༥༤ལོ་ཡི་སྔོན་ནས་ངས་ཕུན་ཚོགས་དབང་རྒྱལ་ལགས་ངོ་ཤེས་ཡོད་ལ། ༡༩༤༨དང་༡༩༤༩ནང་རྒྱ་གུང་ཁྲན་གྱི་དོགས་པ་ཡོད་པའི་སྐབས་སུ་ཕུད་བཞག་པའི་གྲས་སུ་ཕུན་ཚོགས་དབང་རྒྱལ་ཡང་ཡོད་པ་རེད། ཕྱིས་སུ་བཅིངས་གྲོལ་སྐབས་ཁོང་ཀྲང་ཌི་ཧྭ་མཉམ་དུ་ལྷ་སར་སླེབས་སོང་།  ངོས་ནས་གསལ་བོ་ཞེ་དྲག་དྲན་གི། སྐབས་དེར་ནོར་བུ་གླིང་གར་ཁོང་གིས་བོད་ཆས་ཤིག་གྱོན་ཏེ་རྒྱ་མིའི་དཔོན་པོ་མཉམ་དུ་འབྱོར་བཅར་དུ་སླེབས་སོང་། ངའི་མདུན་ལ་སླེབས་པ་དང་།  ཞ་མོ་མར་ཕུད་ནས་ཕྱག་གསུམ་འཚལ་སོང་། ཁོང་གུང་ཁྲན་ཏང་གཙང་མ་རེད། དེ་དུས་ཆོས་ལ་ཞེ་དྲག་དོ་སྣང་ཡོད་པ་མ་རེད། ཡིན་ནའང་། སོ་སོའི་མི་རིགས་ཀྱི་ལྟ་བ་དེ་ཤུགས་ཆེན་པོ་ཞེ་དྲག་རེད། ཡང་ང་པེ་ཅིང་དུ་ཡོད་པའི་སྐབས་ཤིག་ལ། ཉིན་མ་ཞིག་ཕུན་ཚོགས་དབང་རྒྱལ་ངེད་གཉིས་ཀྱིས་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་སོགས་ཀྱི་སྐོར་ཁ་བརྡ་བྱས་པ་ཡིན། ཁོང་གིས་སྔོན་མ་སྔོན་མ་ཐེངས་ཤིག་ནོར་བུ་གླིང་གར་ཁྱེད་མཇལ་དུ་ཕྱིན་པ་ཡིན། སྐབས་དེར་བཞུགས་ཁྲིའི་སྒང་ལ་ཁྱེད་རང་ཆུང་ཆུང་ཞིག་འདུག ད་ལྟ་འདི་འདྲ་ཆགས་འདུག་ཅེས་ཁོང་ཕྲུ་གུ་ནང་བཞིན་ངུས་སོང་། ཆོས་ཀྱི་དད་པ་བྱས་ནས་ཞེ་དྲག་ངུས་བཞག་རྒྱུ་ཡོད་པ་མ་རེད་དེ། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ཧ་ལམ་སྐར་མ་བཅུ་ཙམ་ལ་ངུས་ནས་བསྡད་སོང་།

ཁོང་མི་རྣམ་དཔྱོད་ཅན་དང་བསམ་བློ་རྒྱ་ཆེན་པོ་ཞེ་དྲག་རེད། ཕྱིས་སུ་ངེད་གཉིས་དངོས་གནས་བློ་མཐུན་དུ་གྱུར་སོང་། ངས་ཁོང་གི་སར་ནས་མཱ་ཁུ་སི་རིང་ལུགས་ཞེ་དྲག་བསླབས་པ་ཡིན། ཁོང་རང་ཡིད་ཆེས་གཙང་མ་ཡོད་པ་རེད་ལ། ང་ལའང་རྦད་དེ་ཡིད་ཆེས་སླེབས་ནས་པེ་ཅིང་དུ་ཡོད་པའི་སྐབས་སུ་ང་གུང་ཁྲན་ཏང་གི་ནང་དུ་འཛུལ་རྒྱུ་ཡིན་ཞེས་ངོས་ནས་ལབ་པ་ཡིན། སྐབས་དེར་རྒྱ་ནག་གི་དཔོན་པོ་ལུའུ་ཁན་མེན་གྱིས་སྔོན་ལ་བྲེལ་བ་མི་འདུག་ཅེས་དེ་ལྟར་བཞག་པ་རེད། དམར་པོའི་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་ཆ་ནས་དཔེར་བཞག་པ་ཡིན་ནའང་སོ་སོ་རང་ཉིད་ཀྱིས་ཡིད་ཆེས་བྱས། ལག་ལེན་འཁེལ་ནས་དམར་པོའི་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་ཞིག་རེད། ཕྱིས་སུ་ཁ་པར་བརྒྱུད་དེ་ཁོང་དང་འབྲེལ་བ་ཐེངས་ཤས་བྱུང་མྱོང་།  དེ་བཞིན་དུ་ཁོང་གི་སྤུན་ཐུབ་དབང་ལགས་ཀྱང་གུང་ཁྲན་ཏང་ཡོན་བསམ་བློ་ཞེ་དྲག་ཡོད་པ་རེད། ངོས་ཀྱིས་ཁོང་གི་མདུན་ནས་དུས་ཡུན་རིང་ཙམ་ལ་རྒྱ་ཡིག་བསླབས་མྱོང་། དེ་འདྲ་ཡིན་དུས། ངོས་དང་ཕུན་ཚོགས་དབང་རྒྱལ་ཁོང་སྤུན་གཉིས་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་སོགས་དང་།

འབའ་བའི་གཞོན་སྐྱེས་ཚོས་མེས་པོའི་མཛད་པ་རྗེས་དྲན་དང་། རྣམ་དཔྱོད་ཀྱི་རྩལ་དང་ལྷག་བསམ་གྱི་སྙིང་སྟོབས་ཟུང་འབྲེལ་གྱིས་ཕྱོགས་གང་ཅིའི་ཐད་ལ་ཞབས་འདེགས་བསྒྲུབ་པར་འབད་བརྩོན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་དོན། འབའ་བ་ཡུལ་ལུང་ཆུང་ཆུང་ཞིག་ཡིན་ནའང་། བོད་ཀྱི་ཆོས་དང་འཐབ་རྩོད་གཉིས་ཀའི་ཐད་བྱས་རྗེས་ཆེན་པོ་འཇོག་མཁན་ང་རང་སྒེར་ངོས་ནས་ངོ་ཤེས་པ་མང་པོ་ཡོད། ཞེ་དྲག་ཡག་པོ་རེད། དེ་རིང་ཁྱེད་རང་ཚོ་འབའ་པ་གཞིས་བྱེས་ཐུན་མོང་གི་ཐོག་ནས་བརྟན་བཞུགས་འབུལ་གནང་གིན་ཡོད་པ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། འབའ་པའི་མེས་པོ་ཚོའི་སྐབས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད་ལ། འབྱུང་འགྱུར་ཡིན་ནའང་ཁྱེད་རང་ཚོ་གཞོན་སྐྱེས་ཚོས་ཕྱོགས་གང་ཅིའི་ཐད་ལ་ཞབས་འདེགས་བསྒྲུབ་ཐུབ་པའི་སྙིང་སྟོབས་བསྐྱེད་དགོས་པ་རེད། ཡང་སྙིང་སྟོབས་གཅིག་པུས་འདང་གི་མ་རེད། ཤེས་ཡོན་དང་རྣམ་དཔྱོད་དགོས་པ་རེད། དེ་འདྲ་ཡིན་དུས། སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རྣམ་དཔྱོད་ཀྱི་རྩལ་དང་ལྷག་བསམ་གྱི་སྙིང་སྟོབས་ཟུང་དུ་འབྲེལ་ནས་འགྲོ་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འབའ་པའི་བརྟན་བཞུགས་སྐབས་གྲུབ་དབང་འབའ་ལ་ཁ་བླ་མ་ལ་གུས་བརྩི་དེ་ཙམ་གནང་མ་སོང་བློ་ཕམ་ཡོད་། འབའ་པའི་ལོ་རྒྱུས་ངོས་ནས་བཤད་ན་འབའ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ཁ་བླ་མ་ཡིན་པ་ཡོངས་གྲགས་ཆགས་ཡོད་། དེ་རིང་གོ་སྒྲིག་ཚོགས་ཆུང་གི་འབའ་པའི་ལོ་རྒྱུས་ཀྱི་གནད་དོན་ཆེ་པོ་འདི་འདྲ་ལ་གང་རེ་བྱས་ནས་རིན་པོ་ཆེ་ལ་གུས་བརྩི་མ་གནང་བ་རེད་།



བརྗོད་གཞི་གཞན་ཁག་ལ་གཟིགས།