ཡང་སྲིད་སོག་ཡུལ་དུ་ཕེབས་དགོས་ཞེས་ཞུས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༧ཉིན། ཉེ་ཆར་ཕྱི་ཚེས་༥ཉིན་ཇོ་ནང་མ་དགོན་གཙོས་ཇོ་ནང་པའི་ཆོས་གྲོགས་ཡོངས་དང༌། འབྲས་སྒོ་མང་གྲྭ་ཚང༌། ཧོར་ཡུལ་དགའ་ལྡན་དགོན། སེར་བྱེས་བསམ་བློ་ཁང་ཚན་སོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་ཞིག་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་ཞིག་ལྗགས་རྩོམ་གནང་ཡོད་པ་དང༌། དེ་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧མགོན་པོ་གང་ཉིད་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚོགས་ཡོད་པ་རེད།

སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་རང་ཆུང་ཆུང་ལོ་ན་༨ཙམ་གྱི་སྐབས་སུ་ནོར་བུ་གླིང་ཁར་ཡང་ཡང་འགྲོ་གི་ཡོད། ཡར་ཙམ་ཚར་དུས་སྟག་བྲག་རིན་པོ་ཆེས་འགྲོ་ཆོག་གི་མ་རེད་ཅེས་གསུངས་པ་རེད། ཆུང་ཆུང་སྐབས་ངོས་ཀྱི་ཨ་མ་ལགས་དང༌། པཱ་ལགས་རྩར་འགྲོ་སྐབས་ཁོང་དེར་ཡང་ཡང་ཕེབས་ཀྱི་འདུག སྐབས་དེར་ངས་ཁོང་ངོ་ཤེས་ཀྱི་ཡོད། ཁོང་སྐབས་དེར་ཕ་ཆེར་ལོ་༡༤དང་༡༥མིན་འགྲོ། འབྲས་སྤུངས་སུ་སློབ་གཉེར་བྱེད་བཞིན་ཡོད་པ་རེད། ཉིན་ཞིག་རིན་པོ་ཆེའི་ཕྱག་ལ་རྨ་ཞིག་བཟོས་འདུག

ག་རེ་བྱས་སོང་ཞེས་དྲིས་དུས། ཁོང་གིས་རྒན་ལགས་ཀྱིས་རྡུང་སོང་ཞེས་གསུངས་བྱུང༌། ང་རང་སྐབས་དེར་ཆུང་ཆུང་ཡིན་དུས་ངས་ཁོང་ལ་རྒན་ལགས་ཕར་རྡུང་དགོས་པ་རེད་ཅེས་བཤད་པ་ཡིན། བྱས་ཙང་ང་གཉིས་ཆུང་ཆུང་སྐབས་ནས་ངོ་ཤེས་ཀྱི་ཡོད།

ལོ་སྔོན་མ་དེར་རིན་པོ་ཆེ་གང་འཚམ་སྙུང་ནས་བཞུགས་ཡོད་པ་རེད། ངོས་ལ་བརྡ་ལན་ཞིག་འབྱོར་བྱུང༌། རིན་པོ་ཆེ་ག་པར་གཤེགས་དགོས་པ་རེད་ཟེར། མ་གཞི་ན་ནིང་དེར་རིན་པོ་ཆེའི་མཛད་འཕྲིན་མཐའ་མ་དེ་རེད། སྐབས་དེར་ངས་རིན་པོ་ཆེ་དགུང་ལོ་གང་འཚམ་ཕེབས་ཚར་བ་རེད། ཕྱིན་ཆད་ཡང་སྲིད་དེ་བརྟན་འགྲོའི་ཕན་བདེ་བསྒྲུབ་ཆེད་སོག་ཡུལ་རང་དུ་འཁྲུངས་རྒྱུར་རིན་པོ་ཆེ་ནས་ཐུགས་འདུན་གནང་དགོས་པ་རེད་ཅེས་ཞུས་པ་ཡིན།

ཡང་ཁ་སང་རིན་པོ་ཆེས་གཤེགས་ས་ག་པར་གཤེགས་དགོས་པ་རེད། ག་དུས་གཤེགས་དགོས་པ་རེད་ཅེས་གསུངས་འདུག ངས་ཧམ་པ་ལྟ་བུ་བྱས་ནས་གཤེགས་ས་སོག་ཡུལ་དུ་གཤེགས་དགོས་པ་རེད། གཤེགས་པའི་དུས་ཚོད་དེ་ལོ་མཇུག་ལ་མ་གཤེགས། ལོ་གསར་པ་ཤར་ཆུགས་ཅེས་ཞུས་པ་ཡིན།

གནས་ཚུལ་དེ་ཏག་ཏག་རེད་ལོ་གསར་ནས་ཚེས་༨ཉིན་གཤེགས་པ་རེད། ད་དུང་ཐུགས་དམ་ཉིན་འགའ་ཤས་བཞུགས་པ་རེད་ལ། ཁ་སང་དེར་ཟམ་གདོང་རིན་པོ་ཆེ་ཆེད་མངག་སོག་ཡུལ་ལ་བཏང་བ་ཡིན། ཟམ་གདོང་རིན་པོ་ཆེ་དེར་འབྱོར་རྗེས་གཞི་ནས་ཐུགས་དམ་གྲོལ་འདུག ང་གཉིས་ཆོས་གྲོགས་དམ་ཚིག་གཙང་མ་ཞིག་ཡིན་ལ། དངོས་གནས་མི་འདྲ་བ་ཞིག་བྱུང་འདུག

ད་ཕྱིན་ཆད་ཡང་སྲིད་ཡག་པོ་ཞིག་ཕེབས་ངེས་རེད་ལ། རིན་པོ་ཆེ་སྐུ་གོང་མ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་བ་རེད། རྗེས་སུ་ཡང་སྲིད་དེ་ཡང་དགུང་ལོ་རིམ་པར་ཕེབས་པའི་སྐབས་སུ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང༌། སློབ་གཉེར་མཐིལ་ཕྱིན་པ་ཞིག་ཡོང་བའི་སྨོན་ལམ་རྒྱག་གིན་ཡོད་ཅེས་གསུངས་འདུག

ཡང་ཕྱི་ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བཙུན་དམ་པ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་སླད། མགོན་པོ་གང་གི་སྐུ་ཚབ་ཏུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཆེད་གཏོང་གནང་ཏེ། ཆོས་ལྡན་སོག་ཡུལ་ལྗོངས་ཀྱི་མང་པོས་བཀུར་བའི་དབུ་འཁྲིད་ཚཱ་ཀི་ཡ་ཇིན་ཨེལ་སྦེག་རྡོར་མཆོག་གི་མཚན་ཐོག་སོག་པོའི་གཞུང་མང་ཡོངས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཀྱང་བསྩལ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
ཁོང་གིས་སྐུ་ཐོགས་གོང་མ་རྗེ་བཙུན་ཏྭ་ར་ན་ཐར་མཛད་ཕྲིན་རྒྱས་དྲག་ནས་་བོད་སྔ་རབས་ཕྲག་དོག་ཅན་ཀླད་རྙིང་འཁྲེག་པོ་འཛིན་མཁན་ཚོས་བོད་གཞུང་དགའ་ལྡན་ཕོ་བྲངགི་བཀའ་བློན་འདྲེ་གཟུགས་ཅན་ཚོས་བོད་ཀྱི་བླ་སྤྲུལ་ཕན་ཚུན་བར་ཕུག་དཀྲུགས་མདར་དཀྲུགས་བྱས་ནས་ཏྭ་ར་ན་ཐར་སྐུ་སྨད་སྐབས་བཞུགས་བློ་མ་བདེ་བ་བྱས་ནས་སོག་ཡུལ་ཕེབས་དགོས་ཐུག་པར་རེད། སྐབས་དེར་དགའ་ལྡན་ཕོ་བྲང་དང་དམ་ཚིག་སེར་ཤོར་བ་རྣམས། ཁལ་ཁ་དམ་པ་ཁོང་གི་༧གོང་ས་མཆོག་དང་ཐུགས་ཡིད་གཅིག་འདྲེས་སུ་མཛད་པ་གནང་བ་ནི་དམ་པ་རྣམས་ཀྱི་རྣམ་ཐར་དངོས་སུ་སྐྱོང་བཞིན་པར་གལ་བོ་ཆེ་ལུས་ཡིན། གཉིས་པ་ཁོང་ཆོས་ལུགས་ཇོ་ནང་བརྒྱུད་འཛིན་གཙོ་བོའི་གྲས་སུ་ཡོད། ཁོང་གི་སྐུ་ན་གཞོན་པའི་སྐབས་སུ་དགེ་ལུགས་གདན་ས་གསུམ་གྱིས་ཡ་གྱལ་འབྲས་སྤུངས་སློབ་གཉེར་བྱས་ནས་ལྟ་བ་རང་སྟོངས་དང་ཐལ་འགྱུར་སོགས་ལ་གོ་བ་རྟོགས་པ་དང་། ཕྱིས་སུ་སྔ་འགྱུར་རྙིང་མའི་བླ་ཆེན་ཁཤས་དྲུང་ནང་རྫོགས་ཆེན་ཞུས་པ་དང་། ཁྱད་པར་དུ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེའི་དྲུང་ནས་དུས་འཁོར་དང་ཤངས་ཆོས་སོགས་ཇོ་ཤངས་ཀྱི་ལྟ་གྲུབ་ཟབ་མོ་རྣམས་ཞུས་ནས་ཐུགས་དམ་གྱི་གཙོ་བོ་གནང་ནས་གཞན་སྟོངས་སོགས་ལ་ཡང་གདེངས་འཇོགས་ཐུབ་པ། ལོ་རབས་ཀྱི་རང་སྟོངས་གཞན་སྟོངས་གཉིས་ལ་ཚར་གྲངས་འགལ་བ་འཛིན་མཁན་ཚོས་རྩོད་རྙོག་གྱི་ཡིག་ཆ་དེང་གི་བར་དུ་ཕུང་པོ་སྤུངས་བཞིན་པ་ངལ་བ་བསགས་མ་དགོས་པར་། ལྟ་བ་གཅིག་གྲོགས་གཅིག་གིས་ཁྱེར་ཤེས་པ་དགེ་ཇོ་གཉིས་ལྟ་བ་མཐུན་སྒྲིགས་གནང་མཁན་ཁལ་ཁ་དམ་པའི་རྣམ་ཐར་བོད་མིའི་མཁས་ལྡན་ཀུན་གྱི་སློབ་དགོས་པ། བོད་སོག་གཉིས་འབྲེལ་ལམ་མཐུད་ཐུབ་པ་ཁྱེད་ཀྱི་རྣམ་ཐར་སེམས་ལྡན་ཡོངས་ཀྱི་ནང་འཁྲུགས་མ་བསློངས་བར་འདི་ལྟར་སློབ་འོས་སོ།།།
གདུང་སེམས་མཉམས་བསྐྱེད་བྱས་པར་བཀའ་དྲིན་ཆེ།
3 ༡༠༢༠༡༢༢༠༤༢
ཡང་སྲིད་སྒོ་མང་དུ་ཞུགས་ན་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་རེད། འཛམ་ཐང་དུ་དེ་འདྲ་མི་འདུག་ཟེར་གྱིན་མེད་ཀྱང་འཛམ་ཐང་ལས་སྒོ་མང་ལ་རེ་བ་གཏོགས་ཙམ་ཆེ་བ་རེད། མདོར་ན་ཡང་སྲིད་དེ་མཁས་བཙུན་བཟང་གསུམ་དང་འཆད་བརྩོད་རྩོམ་གསུམ་ལ་བྱང་ཆུབ་པ་ཞིག་ཡོང་བར་གནས་གང་དུ་བཞུགས་ན་བཟང་བའི་གདམ་ག་མ་ནོར་བ་དགོས་པ་ལས་ཡིན་གཆིག་འཛམ་ཐང་དུ་བཞུགས་དགོས་དོན་མེད་དོ།།་
2 ༡༠༢༠༡༢༢༠༢༩
གཤེགས་ཟིན་པའི་དམ་པ་དེ་ནི་རྒྱུན་དུ་ཧམ་པ་ཅན་དང་གཡོ་རྒྱུ་ཅན་དེ་འདྲ་གཏན་ནས་མིན་པར་དེ་ལས་ལྡོག་ཏེ་དྲང་བདེན་དང་ཞི་བདེ་ལ་དུང་བའི་སྐྱེས་བུ་ཞིག་རེད།དེར་བརྟེན་རྫུན་དང་ཧམ་པ་བཤད་མི་སྲིད་ལ་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པས་ཁོང་ལ་དེ་བས་ཧམ་པ་བཤད་མི་སྲིད།དེར་བརྟེན།གང་དུ་གཤེགས་དགོས་པ་དང་ག་དུས་གཤེགས་དགོས་ཅེས་པའི་འདྲི་བ་འདི་ནི་འཆི་བ་རང་དབང་ཡོད་པའི་རྟགས་མཚན་རྣལ་མ་ཞིག་ལས་གཞན་གང་ཡང་མིན།ད་སྟའི་དུས་ཚོད་འདིར་དེ་འདྲའི་དྲང་བདེན་གྱི་བཀའ་འདྲི་གནང་བ་དེ།སྐྱེ་བ་སྔ་ཕྱི་ལ་རྒོར་བའི་མི་ཚོར་ལན་འདེབས་ཡག་ཤོས་དེ་གྱུར་ཡོད་ལ་སྤྲུལ་སྐུའི་ལམ་ལུགས་ལ་དགག་རྒྱག་ཚོར་དེ་བས་ལན་འདེབས་ཚ་བོ་ཞིག་བཏང་ཡོད་དོ།།
1 ༠༨༢༠༡༢༡༢༤༡
ཡང་སྲིད་གསན་བསམ་གནང་ས་སྒོ་མང་བྱེད་དགོས་དོན་གང་ཡིན། ཁོང་ཇོ་ནང་ཡིན་ཙང་འཛམ་ཐང་ལ་ཕེབས་ནས་གསན་བསམ་གནང་ན་འགྲིག་གི་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།