རང་དབང་མ་ཐོབ་བར་གོམ་བགྲོད་མཚམས་འཇོག་བྱ་རྒྱུ་མིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༥ཉིན། རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་ཆེད་རང་གི་ཤ་ལས་ཆད་པའི་བུ་ཕྲུག་གཉིས་པོ་ཁྲིམས་ཐོག་ནས་ངའི་མཛའ་མོར་སྤྲད་ཡོད་ལ། དེ་རིང་ནས་བཟུང་ངའི་མི་ཚེ་འདི་བོད་མི་རིགས་ཀྱི་ཆེད་དུ་ཕུལ་ཚར་བ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང༌།

གླིང་ཚ་ཚེ་བརྟན་རྡོ་རྗེའམ་སྨྱུག་མིང༌། བོད། ཤ་ཁྲག་རུས་གསུམ་གྱིས། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་རང་གིས་བརྩེའི་མཛའ་མོ་དང་གཅེས་པའི་བུ་ཕྲུག་གཉིས་པོ་རྒྱབ་ཏུ་བསྐྱུར་ནས། མི་ཚེ་ཞི་བའི་གོམ་བགྲོད་ཅིག་འགོ་འཛུགས་བྱ་རྒྱུར་སེམས་ཐག་བཅད་འདུག་ལ། གོམ་བགྲོད་དེ་ཡང་སུམ་བཅུ་དུས་དྲན་ཐེངས་༥༣པའི་ཞོགས་པ་ཆུ་ཚོད་བཅུ་བའི་སྟེང་དུ་གཙུག་ལག་ཁང་གི་མདུན་ནས་འབོད་ཚིག་དོན་ཚན་ལྔ་ཅན་ཞིག་འཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་ལམ་དུ་ཆས་རྒྱུ་རེད་འདུག

ཁོང་གིས་གཅིག་བྱས་ན་ཀང་ར་ནས་ཉེན་རྟོག་པས་བཟུང་སྲིད་ལ། གཅིག་བྱས་ནས་མི་ཞིག་གིས་བསད་ཀྱང་སྲིད། གང་ལྟར་རྒྱ་ནག་སྲིད་གཞུང་གིས་ཞི་བའི་འབོད་ཚིག་ལྔ་ལ་ཁས་ལེན་མ་བྱས་བར་དང་བོད་མི་རིགས་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་ཞིག་མ་ཤར་བར་གོམ་བགྲོད་ཀྱི་ཞི་བའི་འཐབ་རྩོད་འདི་མཚམས་འཇོག་བྱ་རྒྱུ་མིན་ཞེས་གསུངས་བྱུང༌།

ཁྱེད་རང་ཉིད་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་འདི་འདྲའི་བློས་གཏོང་ཞིག་གནང་རྒྱུའི་ཆོད་སེམས་ཡོད་རུང༌། ཁྱེད་ཀྱི་མཛའ་མོ་དང་བུ་ཕྲུག་ཚོས་དང་ལེན་བྱེད་ཐུབ་ཀྱི་རེད་དམ། ཁོང་ཚོས་རྒྱབ་སྐྱོར་གང་འདྲ་གནང་གི་འདུག་ཅེས་དྲིས་དུས། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མཛའ་མོས་དང་ལེན་གཏན་ནས་བྱེད་མི་ཐུབ། གང་ཡིན་ཟེར་ན་ཁོ་མོར་མཚོན་ན་ལུང་པ་དང༌། རྒྱལ་ཁབ། རང་དབང་ཡོད་པའི་མི་ཞིག་ཡིན་དུས་ང་ཚོ་རྒྱལ་ཁབ་དང་རང་དབང་མེད་པའི་མི་ཞིག་གི་བདེ་སྡུག་དེ་ཚོར་མི་ཐུབ། འོན་ཀྱང་ཁྱིམ་ཚང་ཞིག་གི་བདེ་སྡུག་ལ་བསམ་བློ་བཏང་ནས་བསྡད་པ་ཡིན་ན། མི་རིགས་ཀྱི་འཐབ་རྩོད་ཅིག་རྩ་བ་ནས་བྱེད་ཐབས་མེད་དུས། མཐའ་མ་དེར་ཁོང་གིས་མོས་མཐུན་གནང་ནས་ཁྲིམས་ཐོག་ནས་མིང་རྟགས་བཀོད་ཡོད་པ་རེད་ཅེས་གསུངས་བྱུང༌།

ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཏོན་གནང་བའི་ཞི་བའི་དོན་ཚན་ལྔ་པོ་ནི།

༡༽ ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།

༢༽ ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།

༣༽ ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།

༤༽ བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།

༥༽ ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས་ཞེས་བྲིས་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་ ༡༩༧༧ ལོར་བོད་མདོ་སྨད་བླ་བྲང་དུ་སྐྱེས་ཤིང༌། སློབ་ཆུང་ལོ་༣དང་ཁྱེད་ཀ་ཙམ་འགྲིམས། ༡༩༩༣ལོར་བླ་བྲང་དགོན་པའི་ནང་ཆོས་སྒོར་ཞུགས། ༡༩༩༥ལོར་རྒྱ་གར་དུ་ཡོང་ནས་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་བྱས། ༡༩༩༧ལོར་ཕྱིར་བོད་ལ་ལོག ༡༩༩༨ ལོར་སླར་ཡང་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ནས་ཤེས་རབ་དགའ་ཚལ་སློབ་གླིང་བོད་དབྱིན་གཉིས་ལ་སློབ་སྦྱོང་བྱས། ༢༠༠༨བར་དྷ་རམ་ས་ལར་ཟ་ཁང་ལ་སོགས་པའི་ནང་ལས་ཀ་ཙག་ཙིག་བྱས་ནས་བསྡད། ལོ་དེར་ཨི་སི་རལ་གྱི་བུད་མེད་ཅིག་དང་འཆང་ས་བརྒྱབ་ནས་ད་ལྟ་ཁོང་ལ་ལོ་༢ལྷག་ཙམ་ཡིན་པའི་བུ་མོ་ཐར་མ་མཚོ་དང༌། ཟླ་བ་༦ལ་སོན་པའི་བུ་ཆུང་ཁ་བའི་ལྷ་སྲས་གཉིས་ཡོད།

ཕྱི་ལོ་༢༠༡༢བར་ཁོང་གིས་༼བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ་༽དང༌། ༼ བརྩེ་དུང༌། མི་རྐྱང་རི་ལ་ཆས་པའི་གཏམ་རྒྱུད ༽ ༼ རྣམ་ཤེས་ཀྱི་བརྩེ་དུང ༽ ༼ གྲྭ་པ་མི་བྱེད། སྦྱིན་བདག་མི་དགོས ༽ བཅས་ཁྱོན་དེབ་བཞི་བརྩམས་ཡོད།

ད་ལྟ་ཁོང་དང་མཉམ་དུ་ལོ་ན་༥༤ཡིན་པའི་ཨ་མ་སྡོམ་པོ་སྐྱེས་དང༌། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་འཛིན་རིམ་༩པར་སློབ་སྦྱོང་བྱེད་བཞིན་པའི་རང་ལོ་༡༨ཡིན་པའི་ནུ་མོ་ལྷ་མོ་སྐྱེས་གཉིས་ཞི་བའི་གོམ་བགྲོད་ཀྱི་འཐབ་རྩོད་ནང་མཉམ་ཞུགས་གནང་གཏན་ཁེལ་ཡོད་འདུག ཁོང་གིས་འདི་ ༼ལས་འགུལ་མ་རེད། འཐབ་རྩོད་རེད། འཐབ་རྩོད་དེ་ཡང་ཞི་བའི་འཐབ་རྩོད་རེད། ༽ཅེས་ཁ་གསལ་པོའི་སྒོ་ནས་ཡང་དང་བསྐྱར་དུ་འགྲེལ་བརྗོད་གནང་བྱུང༌།

ཡང་ཟིན་བྲིས་ནང་ཁོང་གིས་ཞི་བའི་གོམ་བགྲོད་ཀྱི་དམ་བཅའ་འདི་འདྲ་ཞིག་བཞག་ནས་བྲིས་འདུག

ད་ལྟའི་འཆར་བོད་མི་ཞིག་གི་ངོས་ནས་སེམས་ལ་གཏན་པོར་ངེས་དགོས་པ་དེ་ནི་སྐད་ཆ་སྤོམ་པོ་བཤད་དེ་བསྡོད་པའི་དུས་མ་ཡིན་པར། གཞིས་ལུས་བོད་མི་དག་གི་མངོན་འདོད་འགྲུབ་པར་ལག་ལེན་ངེས་ལ་ཞུགས་པའི་དུས་ཆགས་ཡོད། དེ་ཡི་སྟབས་ཀྱིས་རང་ཉིད་ནི་བྱིས་པ་གཉིས་ཀྱི་ཕ་རྒན་ཆགས་ཡོད་ཀྱང༌། བོད་མི་རིགས་ཀྱི་འཆི་གསོན་འདི་ལས་བོད་མི་མང་རྣམས་གཉིད་ལས་སློང་བའི་ཅོང་སྒྲ་ཆུང་ཆུང་ཞིག་ཀྱང་ཉན་ན་བསམ་ནས་རང་གི་བུ་དང་བུ་མོ་གཉིས། མཛའ་མོ་བཅས་བཞག་ནས་ཕྱིར་རྒྱ་གར་དུ་ཡོང་བ་ཡིན།

རྒྱ་གར་དུ་དྲིན་ཆེན་ཕ་མ་གཉིས་ཡོད། ཁོང་གཉིས་ཀྱི་བདག་གི་ག་རེ་བྱེད་མིན་ད་ལྟ་ཤེས་ཀྱི་མེད། ཤེས་པའི་སྐབས་སུ་ང་ལ་ཏན་ཏན་བཀོག་འགོག་བྱེད་སྲིད་ན་ཐང༌། འོན་ཀྱང༌། ངས་རང་ཉིད་བོད་མི་ཞིག་གི་ངོས་ནས་བོད་ལ་འགན་འཁུར་བའི་དུས་ཚོད་ཏན་ཏན་སླེབས་པའི་སྐོར་འབྲེལ་བཤད་རྒྱབ་ན་ཁོ་གཉིས་ཀྱིས་ཉན་སྲིད་པ་རེད་ལ། ཁོ་གཉིས་ཀྱིས་ཏན་ཏན་ང་ལ་རྒྱབ་སྐྱོར་བྱེད་པར་ཡིད་ཆེས་བྱས་ནས་འགྲོ་བཞིན་ཡོད། དེ་རིང་ནས་རང་ཉིད་ནི་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཆེད་དུ་གསོན་པའི་མི་ཞིག་ལས། སྒེར་དོན་འགོ་འཁོར་ནས་སྤྱི་དོན་ལ་སེམས་འཁུར་དང་དང་ལེན་བྱེད་མི་ཐུབ་པའི་མི་ཞིག་གཏན་ནས་མིན་པ་དེ་ཡིན་ཞེས་གསུངས་ཡོད།

ཞི་བའི་གོམ་བགྲོད་ཀྱི་ཁ་ཕྱོགས་ས་ནི་བོད་ཡིན་ལ། རྡ་ས་གཙུག་ལག་ཁང་གི་མདུན་ཐང་ནས་འགོ་འཛུགས་རྒྱུ་ཡིན། རྒྱ་གར་དང་བལ་ཡུལ་ས་མཚམས་སོགས་ནས་ཐེངས་ཅི་ཙམ་ལ་བཀག་པ་དང་བཟུང་བཙོན་སོགས་བྱས་ཀྱང༌། མཐར་འཛམ་གླིང་འདིར་བདེན་པ་ཟེར་བ་ཞིག་གསོན་ནས་ཡོད་ན། བོད་མི་རིགས་ཀྱི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་དུས། འཐབ་རྩོད་འདི་ཉིད་རྒྱལ་བར་ཡིད་ཆེས་བྱེད་རྒྱུ་ཡིན་ལ། བྱེས་ཀྱི་བོད་རིགས་སྤུན་ཟླ་སྟོང་ཕྲག་མང་བོ་ཞིག་ང་དང་མཉམ་དུ་བོད་ལ་ཕྱོགས་ནས་ཞི་བའི་གོམ་བགྲོད་མཉམ་གཅིག་དུ་བྱེད་ཐུབ་པར་ཡིད་ཆེས་བྱེད་རྒྱུ་ཡིན་ལ། འབོད་སྐུལ་ཡང་བྱེད་ཀྱི་ཡོད།

ཞི་བའི་འབོད་ཚིག་ལྔ་ལ་ཁས་ལེན་མ་བྱས་པར་ནམ་ཡང་ཕྱི་ནུར་མི་བྱེད། ངས་འདི་ནས་ཡིད་ཆེས་བྱེད་ཀྱི་ཡོད། བོད་པ་ཚོར་དབའ་སྤོབས་ཀྱི་བློ་སྟོབས་དང༌། ཆིག་སྒྲིལ་གྱི་ནུས་པ། ༧རྒྱལ་བ་ཡིད་བཞིན་ནོར་བུའི་གདམས་པའི་ཞི་བདེ་ཡི་ལམ་ཕྲན་སྟེང་ནས་ཁ་ཞེ་གཉིས་མེད་ཀྱིས་དུས་གཅིག་དུ་ཡར་བླངས་དེ། ཁོང་ཉིད་ད་ལྟ་བར་དུ་ཁེར་རྐྱང་དུ་བཞག་པ་དེར། ལན་ཡག་པོ་ཞིག་སྤྲོད་ཐུབ་རྒྱུ་སོགས་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཡིད་ཆེས་བྱེད་ཀྱི་ཡོད།

ངས་རང་གི་མི་རིགས་འདི་ནི་བློ་གྲོས་ལྡན་པ་དང༌། བདེན་པ་དང་ཞི་བདེའི་དོན་དུ། སྟག་མོ་ནགས་ནས་མཆོང་བ་བཞིན་མཆོང་ཐུབ་པ་དང༌། སྔོན་བྱོན་དམ་པ་དག་གི་ཤུལ་རྗེས་སུ་ལྡོག་པའི་གནོན་ཐུབ་པར་ཡིད་ཆེས་དང་བཅས། ང་རང་ཞི་བདེ་དང་རང་དབང་མ་ཐོབ་པར་དུ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་མ་ཕེབས་བར་དུ། ཞི་བའི་གོམ་བགྲོད་འདི་གཏན་ནས་ཕྱི་ནུར་མེད་པའི་དམ་བཅག་བཞག་ཡོད། དམ་བཅའ་འདི་ལ་དཀར་ཕྱོགས་སྐྱོ་བའི་ལྷ་ཀླུ་གཉན་གསུམ་དང༌། དྲང་བདེན་གྱི་མིག་དང༌། འགྲོ་བ་མིའི་སེམས་ཁམས་ཡོད་མཁན་གྱི་སྐྱེ་བོ་དག་གིས་རྒྱབ་སྐྱོར་བྱེད་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ལྟར་ང་རང་འཇིགས་སྣང་མེད་པར་འགྲོ་བཞིན་ཡོད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བཅར་འདྲི་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།