༧ས་སྐྱ་གོང་མ་མཆོག་གིས་ཚེ་དབང་དང་ཆོས་འབྲེལ་དབུ་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣ཉིན། ཟླ་འདིའི་ཕྱི་ཚེས་༡དང་བོད་ཚེས་༨ཉིན་སྤུར་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་དཔལ་ས་སྐྱྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་ཆུ་འབྲུག་གི་གནམ་ལོ་གསར་བཞད་ནང་མི་མང་ལ་ཚེ་དབང་གི་ཆོས་འབྲེལ་ཐོག་མ་དེ་བསྩལ་གནང་སོང་།

དེ་ཡང་མགོན་པོ་གང་གིས་ཐོག་མ་མི་མང་ལ་འཚམས་འདྲི་དང་སྦྲག་བཀའ་བསྩལ་དོན། བོད་ཆུ་འབྲུག་གནམ་ལོ་གསར་བཞད་ཀྱི་ལོ་གསར་འདིའི་ནང་མི་འདོད་པའི་འགལ་རྐྱེན་དང་མཐུན་རྐྱེན་ལེགས་ཚོགས་མཐའ་དག་བགེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང༌།

མུ་མཐུད་ནས་བཀའ་ཕེབས་དོན། དབང་ཞུ་བར་ཐོག་མ་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་དེ་ཡང་ལེགས་པ་ཞིག་གསལ་བཏབ་གནང་དགོས་པ་གལ་ཆེ་རེད། དེ་དག་མ་བྱུང་བར་དབང་གྲལ་དུ་བསྡད་པ་ཙམ་གྱི་དབང་ཐོབ་ཡ་མེད་པས་དབང་གི་དམིགས་པ་དེ་གལ་ཆེན་རེད་ཅེས་དང་དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་མ་ཟད་དེ་དག་ཚང་མར་སྤྱི་ཚོགས་ལ་དཔལ་ཡོན་སྐྲུན་ཡ་སོགས་ཁྱད་ཆོས་མང་པོ་ཞིག་ཡོད་རེད། ང་རང་ཚོའི་ནང་པའི་སངས་རྒྱས་པའི་ཆོས་ལུགས་ལ་མཚོན་ནའང་ལམ་དང་ལུགས་སྲོལ་ལྟ་བུ་མ་ཡིན་པ་དངོས་སྟོབས་རིག་པའི་ལམ་ནས་འགྲུབ་རྒྱུ་ཡོད་བསྡད་པའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་བསྡད་མཁན་ཞིག་ཆགས་ཡོད་རེད།

སྔོན་མ་ནང་པའི་ཆོས་སྒྲ་མི་གྲགས་པའི་ལུང་པ་དང་ལྷག་པར་དུ་དམར་པོ་ལྟ་བའི་ཤུགས་ཆེ་ཡོད་སའི་དེ་འདྲ་ནང་དུའང་དེང་སང་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་འདིར་དོ་སྣང་དང་དད་པ་བྱེད་མཁན་ཉིན་རེ་ནས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་རེད། སོང་ཙང་ང་རང་ཚོའི་མི་མང་ཚོས་ཀྱང་ནང་ཆོས་འདི་ཤེས་ནས་དད་པ་འཐོབ་མཁན་ཞིག་བྱུང་བ་ཡིན་ན་འཕྲལ་ཡུན་ལ་ཕན་ཐོག་དང་དགེ་མཚན་ཆེན་པོ་ཡོད་པ་རེད་ཅེས་དང༌། དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི་དོན་མེད་འཕྲོ་རླགས་སུ་མ་སོང་བ་མི་ལུས་དོན་ལྡན་ཞིག་དགོས་པ་དང༌། དེ་དག་ཡོང་ཡར་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་དགོས་ཤེས་སོགས་བློ་ལྡོག་རྣམ་བཞི་དང་འབྲེལ་བའི་ནང་ཆོས་ངོ་སྤྲོད་ཟབ་རྒྱས་གནང་སོང་།

མཐར་གསུང་དོན། ང་རང་ཚོ་བོད་ཟེར་བ་འདི་འཛམ་གླིང་སྒང་འབུར་ཐོན་ལྟ་བུ་ཡོང་ཡ་དེ་ཆོས་དང་རིག་གཞུང་གཉིས་པོ་དེ་རེད། སོང་ཙམ་དགེ་འདུན་པ་ཚོས་ཡིན་ནའང་རང་རང་གི་མཁས་བླང་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བྱས་ནས་སློབ་སྦྱོང་གནང་དགོས་རྒྱུ་དེ་གལ་ཆེ་རེད། ལུས་ལ་ན་བཟའ་གྱོན་ཐུབ་ཙམ་ཞིག་དང་ཞལ་འདོན་སྐྱོར་ཐུབ་ཙམ་མ་ཡིན་པར་སྡེ་སྣོད་གསུམ་གྱི་ཉམས་ལེན་གྱི་རྒྱུད་ཕྱུག་པ་ཞིག་བྱུང་ན་དགེ་མཚན་ཆེན་པོ་རེད། མི་མང་ཚོ་ཡིན་ནའང་ནམ་ཞག་རྒྱུན་ལྡན་ནས་མི་དགེ་བཅུ་སྤོང་བྱེད་རྒྱུ་དང་ལྷག་པར་དུ་འཆམས་ཐུན་གནང་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་རེད།

འཆམས་མཐུན་ཟེར་བ་དེ་ཆོས་ཕྱོགས་ནས་ཡིན་ནའང་ཧ་ཅང་གལ་ཆེ་རེད། གང་ཡིན་ཟེར་ན་དམ་ཚིག་མཐུན་པོ་མེད་པ་ཡིན་ན་ཉམས་དང་རྟོགས་པ་འཕེལ་ཡ་ཡོད་མ་རེད། འཇིག་རྟེན་གྱི་ཕྱོགས་ནས་བཤད་ནའང་ལས་དོན་ཆེ་ཆུང་གང་འདྲ་ཞིག་སྒྲུབ་དགོས་ཀྱང་འཆམས་མཐུན་མེད་པ་ཡིན་ན་ཤིན་ཏུ་ནས་དཀའ་ལས་ཁག་པོ་རེད། མ་ཟད་གནས་ཡུལ་རྒྱལ་གར་ཡུལ་མིར་མཐུན་ལམ་གནང་དགོས། འདས་པའི་ལོ་རྒྱུས་ལ་བསམ་ནའང་རྒྱ་གར་དེ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་ཆོས་དང་རིགས་གཞུང་མི་རིགས་གང་ཐད་ནས་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད་ལོ་ངོེ་དེ་དག་གི་རིང་ལ་བཟང་པོ་འབྲེལ་བ་ཁོ་ན་ལ་གནས་ཡོད།

ད་ལྟའི་གནས་སྟངས་ལ་བསམ་ནའང་གཙོ་བོ་ྋགོང་ས་མཆོག་གི་བཀའ་དྲིན་ཐུགས་རྗེ་ལ་རྟེན་ནས་ཆོས་དང་རིག་གཞུང་གི་གཞི་རྐང་ལྟ་བུ་དེ་རྒྱ་གར་ལུང་པར་ཚུགས་ཡོད་རེད། སོང་ཙམ་ཡུལ་མིར་མཐོང་ཆུང་དང་བརྙས་བཅོས་གཏན་ནས་གནང་མི་ཉན། དུས་རྒྱུན་དུ་ནས་ྋསྐྱབས་མགོན་རིན་པོ་ཆེ་བླང་དོར་གྱི་བཀའ་སློབ་དེ་དག་ངེས་པར་དུ་ཐུགས་ལ་ཉར་ནས་ལག་སྟར་གནང་རྒྱུ་གལ་ཆེ་རེད། ང་རང་ཚོར་མགོན་པོ་གང་གི་བཀའ་ལས་ལྷག་པ་ཞིག་མེད་སྟབས་ཚང་མས་སྤང་བླང་ཚུལ་བཞིན་གནང་རོགས་གནོངས། ཅེས་གསུང་བྱུང༌།

ཁ་སང་ཚེ་དབང་གི་སྐབས་སུ་ཕྱི་ནང་གང་སར་ནས་ཆེད་འཕེབས་གནང་བའི་མི་མང་སྟོང་ཚོ་གསུམ་ཡས་མས་ཞིག་འདུ་འཛོམས་གནང་འདུག མགོན་གང་ཉིད་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བལ་ཡུལ་དུ་དགོན་པ་དང་སློབ་གྲྭ་སོགས་ཁག་ཅིག་གི་མཛད་སྒོ་དང་ཆོས་འབྲེལ་གྱི་ཆེད་ཟླ་འདིའི ཕྱི་ཚེས་༣ཉིན་བཞུགས་སྒར་ར་སྤུར་ནས་ཆིབས་ཞལ་སྒྱུར་ནས་བལ་ཡུལ་གྱི་ཕྱོགས་སུ་ཕེབས་རྒྱུའི་མཛད་རིམ་ཡང་ཡོད་འདུག  ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།