དགོངས་ཚུལ།

བོད་ཀྱི་གློག་བརྙན་དུས་སྟོན་ངྷ་སར་མཇུག་བསྡུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡༥ཉིན་སྤེལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཏན་གཞི་བྱས་ཡོད་པའི་ྋགོང་ས་ཏཱ་ལའི་བླ་མའི་ཀུན་ཁྱབ་སེམས་ཁུར་ཐེབས་རྩ་ཚོགས་པ་དང༌། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས། བཙན་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་བཅས་ཀྱིས་ཟླ་སྒྲིལ་ཐོག བཙན་བྱོལ་བོད་གཞུང་མི་ལོ་ལྔ་བཅུར་གཏན་སྡོད་བྱ་ཡུལ་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་བོད་གཞུང་ཟློས་གར་ཁང་དུ། བོད་ཀྱི་གློག་བརྙན་དུས་སྟོན་ཞིག་ཉིན་གསུམ་རིང་ལ་བཀོད་སྒྲིག་ཞུས་ཡོད་ཅིང༌། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་ཆོས་ལུགས་དང༌། ལེགས་བྱང༌། དེ་མིན་བོད་ནང་གི་ཆབ་སྲིད་གྱི་གནས་བབ་སོགས་གསལ་མཚོན་བྱེད་པའི་གློག་བརྙན་སྐོར་ཞིག་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་གཟིགས་འབུལ་གནང་ཡོད་པ་རེད།
བོད་གཞུང་ཟློས་གར་ཁང་གིས་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་མགྲོན་གཉེར་གནང་བ་མ་ཟད། རིན་མེད་ཐོག་གློག་བརྙན་རྒྱ་ཆེའི་མང་ཚོགས་ཀྱི་སྤྱན་ལམ་ལ་ཕུལ་བར་མཐུན་འགྱུར་རོགས་སྐྱོར་གང་ལེགས་གནང་ཡོད་པ་རེད། ྋགོང་ས་ཏཱ་ལའི་བླ་མའི་ཀུན་ཁྱབ་སེམས་ཁུར་ཐེབས་རྩ་ཚོགས་པའི་མགྲིན་ཚབ་པས་བརྗོད་དོན། བོད་ཀྱི་གློག་བརྙན་དུས་སྟོན་འདི་ཕྱི་རྒྱལ་ཡུལ་གྲུ་ལྷོ་ཨ་ཕི་རི་ཀ་དང་ཁ་ན་ཌ་སོགས་དང༌། གཞན་ཡང་རྒྱ་གར་ནང་ལོག་གི་མ་དྷི་ར་སི་དང༌། མུམ་བྷའི། ཧེ་དྷེ་ར་བྷ་ཌི། སྒང་ཏོག རྡོ་རྗེ་གླིང་སོགས་ཀྱི་ས་གནས་གྲོང་ཁྱེར་ཁག་ནང༌། འགྲུལ་བསྐྱོད་གཟིགས་འབུལ་གནང་འཆར་གྱི་ལས་རིམ་གོ་སྒྲིག་ཞུས་ཡོད། ཅེས་དང༌། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་༡༧གཟིགས་འབུལ་གནང་རྒྱུ་ཡིན་ཞིང༌། དེ་ཚོ་ཚང་མ་ཚན་ཁག་གསུམ་སྟེ བཙན་བྱོལ་བོད་དང༌། བོད་ཀྱི་ནང་བསྟན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་མཛད་རྣམ་སོགས་ཀྱི་ཁོངས་སུ་གཏོགས་པ་ཡིན། ཞེས་འགྲེལ་བརྗོད་གནང་སོང༌།

བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་སྐལ་བཟང་གཡང་སྐྱིད་ལགས་ཀྱིས་དུས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་གཏམ་བཤད་གནང་ཁར། བོད་ཀྱི་གློག་བརྙན་དུས་སྟོན་གྱི་བཀོད་སྒྲིག་པ་དང༌། དེ་བཞིན་དུ་ངྷ་ས་ཁུལ་གྱི་རྒྱ་ཆེའི་བོད་རིགས་སེར་སྐྱ་མང་ཚོགས་དང་ཕྱི་གླིང་བ་རྣམས་ཀྱིས་རིན་མེད་ཀྱི་གོ་སྐབས་དམ་འཛིན་ཐོག་བོད་དོན་དང་འབྲེལ་ཡོད་ཀྱི་གློག་བརྙན་ལ་གཟིགས་མོ་བྱེད་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་བྱུང་ལ། ཁོ་མོས་བརྗོད་དོན། ཁྱོད་ཅག་ཚོས་བོད་ཀྱི་དངོས་ཡོད་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་ནང་ལོག་ནས་ཤེས་རྟོགས་དང་འཚོལ་སྙེག་བྱེད་དགོས་པ་ཞིག་ཡིན་མོད། ང་ཚོ་རྒྱ་དམར་གྱི་བཙན་དབང་འོག་སྡོད་ཐབས་བྲལ་ཏེ་བཙན་བྱོལ་དུ་སླེབས་ནས་མི་ལོ༥༠ལྷག་འགྲོ་བཞིན་ཡོད་ཙང༌།  དངོས་བྱུང་གློག་བརྙན་ནི་ད་ལྟའི་བོད་ནང་གི་འཚོ་བ་དང་གནས་སྟངས་དག་ཤེས་རྟོགས་བྱེད་པའི་ལམ་ཁ་ཉག་གཅིག་ཡིན། ཁྱོད་ཚོས་འགྲོ་བ་མིའི་འོས་འགན་ལེགས་ཁུར་གྱིས་ང་ཚོ་དང་དཔུང་བ་མཉམ་གཤིབ་ངང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་རོགས། ཞེས་བརྗོད་བྱུང༌། ཉིན་གསུམ་རིང་ཐད་ཀྱི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ཕྱི་ཚེས༡༤ཉིན་བདེ་ལེགས་ངང་མཇུག་སྡུད་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།