ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་གཤེགས་པ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢ཉིན། ཟླ་འདིའི་ཕྱི་ཚེས་༡ཉིན་གྱི་ཞོགས་པའི་ཆུ་ཚོད་༥དང་སྐར་༥༨ཙམ་ལ།  ཇོ་ནང་བསྟན་པའི་མངའ་བདག་ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་དགུང་གྲངས་༨༡ཐོག་སོག་པོའི་རྒྱལ་ས་ཨུ་ལམ་པ་ངྷིར་དུ་ཡོད་པའི་དགའ་ལྡན་དགོན་པའི་བླ་བྲང་དུ་དགོངས་པ་གཞན་དོན་དུ་གཤེགས་ཡོད་འདུག

ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་ཕྲེང་བཅུ་གཅིག་པ་ཁལ་ཁ་རིན་པོ་ཆེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༢ ལོར་བོད་དབུས་རྭ་ལོའི་གདུང་རྒྱུད་ཡབ་བློ་བཟང་འཇམ་དཔལ་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རྗེ་ཏཱ་ར་ནཱ་ཐ་དང་གདུང་རྒྱུད་ཡང་གཅིག་པར་སྙམ། དགའ་ལྡན་ཁྲི་ཐོག་དགུ་བཅུ་བ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་སོགས་ཀྱིས་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ལུང་བསྟན་གནང་། དགུང་གྲངས་བཞིའི་ཐོག་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ལྷ་བླའི་བཀའ་ལུང་རྩེ་མཐུན་ལྟར། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་བའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་རྭ་སྒྲེང་རིན་པོ་ཆེ་སོགས་རྩ་བའི་ཡོངས་འཛིན་དུ་བསྟེན་ཏེ་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་ཕུལ་ཕྱིན་མཛད།

དགུང་གྲངས་ ༢༡ ཐོག་རང་ཉིད་ཀྱི་གདན་ས་རྟག་བརྟན་ཆོས་སྡེར་ཞབས་སོར་འཁོད་ཅིང་། འདིའི་དུས་སུ་ཇོ་ནང་བའི་རྣལ་འབྱོར་བ་ཞིག་དང་མཉམ་དུ་ཇོ་ལུགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་མི་མངོན་པའི་ཚུལ་དུ་ཉམས་བཞེས་མཛད། ཕྱིས་སུ་དུས་འགྱུར་གྱི་དབང་གིས་འཕགས་ཡུལ་དུ་ཕེབས་ཏེ་གནས་ངེས་མེད་དུ་བཞུགས། ཁྱད་པར་བླ་མ་ཀ་ལུ་རིན་པོ་ཆེའི་མདུན་ནས་ཇོ་ནང་དང་ཤངས་པའི་ཆོས་སྐོར་མཐོང་བ་དོན་བརྒྱུད་ཀྱི་ཉམས་ལེན་བདག་གིར་བཞེས། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་གཞུང་འབྲེལ་ཁྲི་སྟོན་མཛད་སྒོ་བྱེད་དགོས་ཞེས་བཀའ་བསྩལ་པ་དང་། སོག་པོའི་སྲིད་འཛིན་སོགས་ཆེས་མཐོའི་དཔོན་རིགས་ཁག་དང་སེར་སྐྱ་མི་མང་གི་རེ་འདུན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ།

ཕྱི་ལོ་ ༡༩༩༧ ལོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་བདག་པོར་མངའ་གསོལ་མཛད་ཏེ་གཞུང་འབྲེལ་མཛད་སྒོ་བསྡུས། དེ་དང་ཆབས་ཅིག་ལོ་དེར་ ༸གོང་ས་མཆོག་གིས་དཔལ་ཇོ་ནང་བའི་ངེས་དོན་གྱི་བསྟན་པ་སླར་གསོའི་ཆེད་སིམ་ལ་སངས་རྒྱས་ཆོས་གླིང་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་པར་མཚན་གསོལ་ཏེ། དགོན་གནས་རྟེན་དང་བརྟེན་པ་བཅས་གནང་། བྱེས་འབྱོར་ཇོ་ནང་བའི་དགེ་འདུན་པ་ ༤༠ ལྷག་སྒྲིག་ཁུངས་སུ་ཞུགས་ཡོད། དེ་ནས་སོག་ཡུལ་དུ་ཕེབས་ཏེ་གསེར་ཁྲིར་མངའ་གསོལ་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཕྱི་ལོ་ ༢༠༠༢ ལོར་༧གོང་ས་མཆོག་ཇོ་ནང་མ་དགོན་དུ་གདན་འདྲེན་ཞུས་ཏེ་ངེས་དོན་གྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༡ ཉིན་ཇོ་ནང་མ་དགོན་དུ་རྟག་བརྟན་བླ་བྲང་ལེགས་འགྲུབ་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༡ ལོར་སོག་པོར་ཕེབས། སོག་པོའི་གཞུང་ངོིས་ནས་སོག་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་འཛིན་དུ་མངའ་གསོལ་མཛད་པ་བཞིན་བདག་གིར་བཞེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་གནང་ཡོད་པ་རེད།

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ནས་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།