མཉམ་སྦྲེལ་རྒྱལ་ཚོཌ་དང་ཡོ་རོབ་མནའ་མཐུན་ལ་ཞུ་གཏུག་བྱ་རྒྱུ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༩ཉིན། དེ་རིང་ཉིན་གུང་ཆུ་ཚོད་༡༢ཙམ་ལ་བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ཁང་ནས་རྒྱ་གཞུང་གི་དྲག་གནོན་འོག ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་ཛ་དྲག་གནས་སྟངས་ཐད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་གནང་སོང༌།

སང་ཉིན་ནས་བཟུང་དབུས་རྒྱུན་ལས་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆེད་ཕེབས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས། དེ་བཞིན་ལྡི་ལི་ཁུལ་ཡོད་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་དོན་གཅོད་སོགས་ལ་འབོད་སྐུལ་སྙན་ཞུ་ཕུལ་རྒྱུ་ཡིན་འདུག

དེ་ཡང་སྙན་ཞུའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང༌། དངོས་ཡོད་གནས་བབ་སོགས་ལ་དོན་མཐུན་གྱི་བསམ་གཞིག་གཏན་ནས་མེད་པར། བོད་ས་གང་སར་བཙན་གནོན་དྲག་སྤྱོད་ཀྱི་སྲིད་ཇུས་ཁོ་ན་ལག་བསྟར་བྱས་དང་བྱེད་པ་འདིར་མཇུག་འབྲས་བཟང་པོ་ཞིག་རྩ་ནས་ཡོང་ཐབས་མེད་པ་ནི་ཀུན་གྱིས་ཤེས་ཤིང། དེ་ལྟ་བུའི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་བརྟེན་པའི་འབྲས་བུ་ངན་པ་ཅི་བྱུང་རྒྱ་གཞུང་རང་ཉིད་ཀྱིས་འགན་ལེན་བྱེད་དགོས་པ་ཡིན།

དེ་ཡང༌། ཆོལ་གསུམ་བོད་ས་གང་སར་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་བ་ནི། ྋགོང་ས་མཆོག་བོད་ནང་གང་མྱུར་ཕེབས་རྒྱུ་དང༌། བོད་ཀྱི་རྩ་ཆེའི་རིག་གཞུང་བདག་ཉར། བོད་ནང་འཛམ་གླིང་སྤྱི་མཚུངས་ལྟར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའི་གནས་བབ་མངོན་དུ་འགྱུར་བ་སོགས་ཀྱི་ཆེད་ཁོ་ན་ཡིན་ །

རྒྱ་གཞུང་གིས་ཉེས་མེད་བོད་མི་རྣམས་ཀྱི་སྟེང་བསྟུད་མར་དྲག་སྤྱོད་དང་གོ་མཚོན་སྤྱད་དེ་གཅར་རྡུང་དང་བཙོན་འཇུག དམར་གསོད་སོགས་མི་སྤྱོད་ལས་འདས་པའི་བྱ་ངན་ཇི་ལྟར་སྤེལ་ཡང༌། དེ་ལས་ལྡོག་སྟེ་བོད་མི་རྣམས་ཀྱི་འདོད་བློ་མ་ཁེངས་པའི་ཐོག་སྙིང་སྟོབས་དང་དཔའ་ངར་ཞུམ་མེད་ངང་མི་རིགས་ཀྱི་ཆེད་མུ་མཐུད་རང་སྲོག་བློས་གཏོང་གནང་གིན་ཡོད་ཅེས་དང༌།

མུ་མཐུད་དུ་འཁོད་དོན། ༢༠༠༩ ཟླ ༢ ཚེས ༢༧ ཉིན་གྲྭ་བཀྲ་བྷེ་ལགས་ནས་རང་ལུས་མེར་སྲེག་བཏང་བ་ནས་བཟུང༌། ༢༠༡༢ ཟླ ༢ ཚེས་ ༡༩ བར་ཁྱོན་བསྡོམས་བོད་མི་༢༣དང༌། བཙན་བྱོལ་ནང་བོད་མི་གཉིས་བཅས་ཁྱོན་མི་གྲངས་༢༥ཡིས་རང་ལུས་མེར་སྲེག་བཏང་ཞིང༌། དེ་དག་ལས་མི་གྲངས་ ༡༦ ཙམ་འདས་གྲོངས་སུ་གྱུར་པ་ཡོངས་གྲགས་དང། གཞན་རྣམས་འདས་གསོན་གང་ཡིན་སོགས་ཀྱི་གནས་བབ་ཅི་ཡང་རྟོགས་ཐབས་མེད་པར་གྱུར་ཡོད།

གཞན་ཡང། ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་རྒྱ་རིགས་རྣམས་ལོ་སར་གྱི་དགའ་སྟོན་ལ་རོལ་སྐབས། བོད་མི་ཚོས་མྱ་ངན་སྐད་འབོད་བྱས་པར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་མེ་མདའ་གང་བྱུང་དུ་བརྒྱབས་ཏེ་བྲག་མགོ་ཁུལ་དུ་བོད་མི་༤དང། གསེར་རྟ་ཁུལ་དུ་མི་༢། འཛམ་ཐང་དུ་མི་༡བཅས་ཁྱོན་མི་གྲངས་བདུན་མངོན་སུམ་འཛེམ་མེད་དུ་དམར་གསོད་བཏང་ཡོད།

དེར་མ་ཟད། ཉེ་བའི་ཆར་བོད་ས་མང་པོར་ལྷག་དཀར་སྲུང་བརྩི་དང་ཞི་རྒོལ་རིམ་པར་བྱུང་བར། རྒྱ་གཞུང་གིས་བོད་ས་ཕལ་མོ་ཆེ་དང༌། ལྷག་པར་ཞི་རྒོལ་འབྱུང་ཡུལ་གྱི་དྲ་ལམ་དང་ཁ་པར་བརྒྱུད་ལམ་བཙན་བཀག་གིས་མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་བསྡམས་ཤིང། བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་ཅི་ཙམ་ལྐོག་གསོད་དང་བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་མེད་སོགས་ཆ་ཚང་བར་ཤེས་དཀའ་བར་གྱུར་ཡོད། ཆོལ་གསུམ་དབུས་རྒྱུན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཆེད། སྔ་ཕྱི་ཚོགས་སྐྱིད་ཁག་བཅུ་དང་ཐུན་མོང་ཐོག་ཐེག་ཆེན་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཐེངས་གསུམ་དང༌། ལོ་སར་ཚེས་ ༣ ཉིན་ཡང་དགེ་འདུན་འདུས་མང་གི་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་གོ་སྒྲིག་ཞུས་ཡོད་ཅེས་བཀོད་འདུག

ཐེངས་འདིའི་སྙན་ཞུ་བརྒྱུད་ཚོགས་པའི་ངོས་ནས་རེ་སྐུལ་དོན་ཚན་གསུམ་གནང་བ། དང་པོ། བོད་ཁུལ་དུ་རྒྱ་གཞུང་གིས་དམག་དཔུང་ཕོན་ཆེ་བསྐྱར་སྣོན་དང་དྲག་སྤྱོད་ཀྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱ་རྒྱུ། གཉིས། པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས། གསུམ། བོད་རྒྱ་གཉིས་ཀྱི་རྩོད་རྙོག་སེལ་ཆེད་གང་མགྱོགས་ྋགོང་ས་མཆོག་དང་ཡང་ན་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་ཞི་བའི་གྲོས་མོལ་བྱ་རྒྱུ་བཅས་ཀྱི་ཆེད་དུ། རྒྱ་གཞུང་ལ་བསླབ་བྱ་དང་སྐུལ་འདེད་གྲུབ་འབྲས་ཐོན་པ་ཞིག་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་འདུག

གཞན་ཡང༌། བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་ཆེད་དུ་འབོད་སྐུལ་གནང་དོན། བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དུ་ཚོགས་སྐྱིད་ཀྱི་མཚན་གནས་ཡོད་དོ་ཅོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཚོགས་སྐྱིད་རེ་འགའ་ཙམ་ལ་རྒྱང་ལྟ་བྱས་ཏེ་མི་སྡོད་པར་ཚང་མའི་ངོས་ནས། ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་བབ་དང། རྒྱ་གཞུང་གི་དྲག་རྩུབ་གདུག་སྤྱོད་ཀྱི་སྲིད་ཇུས་འོག་རང་ལུས་མེར་སྲེག་དང་མནར་གཅོད་དཀའ་སྡུག་ཅི་ཆེར་མྱངས་དང་མྱོང་བཞིན་པ་འདི་ཕན་མེད་འབྲས་མེད་དུ་མི་འགྱུར་བའི་ཆེད་འཕྲལ་ཕུགས་ཀུན་ལ་ཕན་ངེས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཞེས་འབོད་སྐུལ་ཞུས་འདུག

སྐབས་དེར་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་འགྲེལ་བརྗོད་དོན།  སང་ཉིན་ནས་བཟུང་དབུས་རྒྱུན་ལས་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆེད་ཕེབས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས། དེ་བཞིན་ལྡི་ལི་ཁུལ་ཡོད་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་དོན་གཅོད་སོགས་ལ་འབོད་སྐུལ་སྙན་ཞུ་ཕུལ་རྒྱུ་ཡིན་པ་དང༌། ད་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ། རྣམ་པ་མི་འདྲ་བའི་ལས་འགུལ་ཁག་མུ་མཐུད་དུ་སྤེལ་བའི་གྲ་སྒྲིག་ཨང་གསར་ཡོད་ཆེས་གསུངས་སོང༌།

བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་བརྟན་སྲུང་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ལ། ཕྱི་ལོ་༡༩༦༤ལོར་གསར་དུ་བཙུགས་པ་དང༌། ད་ལྟའི་ཆར་བོད་ཆོལ་ཁ་གསུམ་ལས་གྲུབ་པའི་དབུས་རྒྱུན་ལས་མི་གྲངས༡༡ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།