སྨན་པའི་ཕྱག་ལས་དེ་ཆོས་ཕྱོགས་ཀྱི་ཉམས་ལེན་ཡག་ཤོས་ཤིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༨ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་སྨན་པའི་ལྷན་ཚོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྟེ། སྨན་པ་གང་ཞིག་སྨན་གཞུང་གི་ཐོག་ཤེས་ཡོན་ཇི་ཙམ་གྱི་མཁས་པ་ཡོད་ཀྱང་སེམས་བཟང་པོ་མེད་ན། སྨན་པ་དེའི་སྨན་གྱིས་ནད་པར་དེ་ཙམ་ཕན་གྱི་མ་རེད། གལ་ཏེ་སྨན་པ་གང་ཞིག་སྨན་གཞུང་ཐོག་དེ་ཙམ་གྱི་མཁས་པ་མེད་ཀྱང་སེམས་པ་བཟང་པོ་ཡོད་ན་ཁོང་གི་སྨན་དེ་ནད་པར་ཕན་ནུས་ལྡན་པ་ཞིག་ཡོང་གི་ཡོད་ཅེས་བཀའ་སློབ་གསུང་བཤད་གནང་འདུག

ཁ་སང་ཕྱི་ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ཙམ་ལ། ཧི་མ་ཅལ་མངའ་སྡེ་གཞུང་གི་སྨན་པའི་མཐོ་སློབ་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་སྨན་པའི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་ལ།  སྐབས་དེར་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། དབུས་མེད་པའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། དེ་བཞིན་སྐུའི་ཕྱི་ལུགས་སྨན་ཞབས་པ་ཚེ་བརྟན་ལགས།རྒྱ་གར་གྱི་མངའ་སྡེ་ཁག་༢༤ཙམ་ནས་འཕྲོད་བསྟེན་སྨན་པའི་སྐུ་ཚབ་གྲངས་༩༠༠བརྒལ་བ་བཅས་ཆེད་ཕེབས་གནང་ཡོད་འདུག

མཛད་རིམ་གྱི་ཐོག་མར་༸གོང་ས་མཆོག་གིས་སྣང་གསལ་ཞལ་འབྱེད་མཛད་གྲུབ་བསྟུན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲིའི་མེ་ཏོག་དང་ཐུབ་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་འབུལ་ལམ་ཞུས་རྗེས། སྨན་པའི་མཐོ་སློབ་ཀྱི་སློབ་སྤྱི་(Dr Anil Chauhan)ལགས་ཀྱིས༌ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།

དེ་རྗེས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟུགས་ཁམས་བདེ་ཐང་གི་འཕྲོད་བསྟེན་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་དོན། ངོས་རང་འདི་ལྟ་བུ་གལ་ཆེའི་ལྷན་ཚོགས་སུ་ཡོང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང། ངོས་རང་རྡ་སར་བསྡད་ནས་མི་ལོ་ ༥༢ ལྷག་ཕྱིན་ཡོད། འདས་པའི་ལོ་བཅུ་ཕྲག་ལྔའི་རིང་ས་གནས་འདིར་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད། ངོས་རང་ཐོག་མར་རྡ་སར་འབྱོར་སྐབས་ཕལ་ཆེར་ཚོང་ཁང་གཉིས་ལས་མེད། ད་ཆ་ཚོང་ཁང་དང་མགྲོན་ཁང་སོགས་ཧ་ཅང་མང་པོ་ཡོད། གལ་ཆེ་ཤོས་ནི་ཤེས་ཡོན་གྱི་བསྟི་གནས་དེ་ཡིན། དེ་དང་ཆབས་ཅིག་སྨན་ཁང་ཡང་ཧ་ཅང་གལ་ཆེན་པོ་རེད། མི་ཚང་མས་སོ་སོའི་འཕྲོད་བསྟེན་ཐོག་སེམས་འཁུར་ཆེན་པོ་བྱེད་བཞིན་ཡོད། གཟུགས་པོའི་འཕྲོད་བསྟེན་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་ཁྱེད་རང་ཚོས་ལས་ཀའམ་ལས་འགན་དེ་འཕྲོད་བསྟེན་ཐོག་དོ་སྣང་བྱེད་རྒྱུ་དེ་ཡིན། ཁྱེད་རྣམ་པའི་ལས་ཀ་ནི་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། ངོས་ཀྱིས་བསམ་པར་སྨན་པས་ཞབས་ཞུའི་སྐབས་སེམས་བཟང་པོ་དང་འགན་འཁུར་གྱི་ཚོར་སྣང། དེ་བཞིན་སེམས་འཁུར་བྱས་ཚེ་ཁྱེད་རྣམ་པའི་ཕྱག་ལས་དེ་ཆོས་ཕྱོགས་ཀྱི་ཉམས་ལེན་ཡག་ཤོས་ཤིག་ཆགས་ཀྱི་ཡོད།

ང་ཚོ་བོད་ནང་འདི་ལྟར་བཤད་སྲོལ་ཡོད། སྨན་པ་གང་ཞིག་སྨན་གཞུང་གི་ཐོག་ཤེས་ཡོན་ཇི་ཙམ་གྱི་མཁས་པ་ཡོད་ཀྱང་སེམས་བཟང་པོ་མེད་ན། སྨན་པ་དེའི་སྨན་གྱིས་ནད་པར་དེ་ཙམ་ཕན་གྱི་མ་རེད། གལ་ཏེ་སྨན་པ་གང་ཞིག་སྨན་གཞུང་ཐོག་དེ་ཙམ་གྱི་མཁས་པ་མེད་ཀྱང་སེམས་པ་བཟང་པོ་ཡོད་ན་ཁོང་གི་སྨན་དེ་ནད་པར་ཕན་ནུས་ལྡན་པ་ཞིག་ཡོང་གི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཕྱག་ལས་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ནད་པའི་བདེ་ཐང་ཐོག་སེམས་འཁུར་གྱི་ཚོར་སྣང་ཡང་དག་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དཔེར་ན། ངོས་རང་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་སྨན་པས་སེམས་ཚོར་ཆེན་པོའི་སྒོ་ནས་འཛུམ་བསྟན་པ་དང། དངོས་ཡོད་ཀྱི་བརྩེ་སེམས་བཏོན་སྐབས་ནད་པ་ཞིག་ཡིན་པའི་ཆ་ནས་དགའ་ཚོར་ཆེན་པོ་ཡོང་གི་འདུག འདི་ངོས་ཀྱིས་ཁྱེད་རྣམས་ལ་བརྗོད་འདོད་བྱུང། རྒྱ་གར་འདི་བཞིན་ལོ་རྒྱུས་ལྡན་པ་དང་མི་འབོར་ཆེན་པོ་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཡིན། ལོ་སྟོང་ཕྲག་རིང་ནས་རྒྱ་གར་ནང་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་ཡོད། ང་ཚོས་རྒྱལ་ཁབ་ཁག་གཅིག་གི་ནང་ལྟ་སྐབས་འཚེ་བ་དང་དྲང་བདེན་མ་ཡིན་པ་མང་པོ་ཞིག་མཐོང་རྒྱུ་ཡོད། ས་ཁུལ་མང་པོར་མི་གཞན་གྱི་སྲོག་ལ་དེ་ཙམ་གྱི་དོ་སྣང་བྱེད་ཀྱི་མེད། དེ་བཞིན་ཆོས་ལུགས་ཕན་ཚུན་རྩོད་རྙོག་ཆེན་པོ་ཡོང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་དྲི་བ་ཁག་ལ་བཀའ་ལན་བསྩལ་ཡོད།

སྤྱིར་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་སྨན་པའི་ལོ་འཁོར་ལྷན་ཚོགས་དེ་ཉིན་གསུམ་རིང་འཚོགས་བཞིན་ཡོད་པ་དང་ཉིན་དང་པོར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་མཆོག་ཕེབས་འདུག་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།