དགོངས་ཚུལ།

ལོ་གསར་ཚེས་༡ཉིན་བོད་མི་རྣམས་ཀྱིས་ཟས་བཅད་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༢ཉིན། བོད་རྒྱལ་ལོ་ ༢༠༣༩ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ རབ་གནས་ཆུ་འབྲུག་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་སྔ་དྲོ་ཆུ་ ཚད་ ༧ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞིའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཡོད།

དེ་རྗེས་གཙུག་ལག་ཁང་ཡང་སྟེང་གི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་འཕྲལ་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་ལྷ་མོའི་གསུང་བསྐང་བཀའ་དྲིན་ཆེ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། སྲི་ཞུ་བ་ལས་ཟུར་རྣམ་པ་བཅར་ཡོད།

དེ་ནས་ཆུ་ཚོད་ ༨ ཐོག་གནམ་ལོ་གསར་བཞད་ཀྱི་ཆོས་ཕྱོགས་མཛད་སྒོ་གཙུག་ལག་ཁང་གི་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་རྗེས་ྋགོང་ས་མཆོག་གདན་ཞུས་ཀྱིས་རྣམ་གྲྭ་གསུང་ཞབས་རྣམས་ནས་སྐྱབས་སེམས་དང༌། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་བཅས་ལེགས་པར་གསུང་འདོན་ཟིན་གྲུབ་བསྟུན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་པའི་སྐུ་ཚབ་མཆོག་བཅས་ནས་ྋགོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས་ཁྲིམས་ཞིབ་པས་དབུས་མཛད་གཙོ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། ལས་ཁུངས་ཁག་གི་ཟུང་དྲུང་ཡན་དང༌། རྒྱ་གར་གཞུང་གི་སྣེ་ཤན་སྐུ་ཚབ་སོགས་ལ་རིམ་བཞིན་མཇལ་ཁ་སྩལ་ཡོད།

ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཡོངས་སུ་གྲུབ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་སྣེ་ཁྲིད་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་བདེ་སྲུང་བཀའ་བློན་དང་ནང་སྲིད་བཀའ་བློན་མཆོག དགེ་འདུན་པ། བཙུན་དགོན་དགེ་ལྡན་ཆོས་གླིང་གི་བཙུན་མ་གྲངས་༡༣༠ཙམ། དྷ་ས་གནས་སྡོད་མི་མང་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་༡༠༠༠ཡས་མས་ཤིག་གིས་རྒྱ་ནག་གཞུང་གི་དྲག་སྤྱོད་ཀྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་གི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་སྔ་དྲོ་ཆུ་ཚོད་༡༠པ་ནས་འགོ་འཛུགས་ཀྱིས་ཟས་བཅད་ངོ་རྒོལ་གནང་ཡོད།

དེ་དང་ཆབས་ཅིག་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད། བསྒྲགས་གཏམ་དེའི་ནང་།

བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ྋགོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས། འབོད་ཚིག་འདི་གཉིས་གཙོ་བོར་བྱས་ནས་བོད་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་། དེ་ནས་རིམ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ནས་ ༢༠༡༢ ཟླ་ ༢ ཚེས་ ༡༩ བར་བོད་ནང་གི་བོད་མི་སྐྱ་སེར་གྲངས་ ༢༣ དང༌། བཙན་བྱོལ་ནང་གི་བོད་མི་ ༢ བཅས་ཁྱོན་མི་གྲངས་ ༢༥ ཡིས་རང་ལུས་མེར་སྲེག་བཏང་ཡོད། དེ་དག་གི་ཁྲོད་ནས་བོད་ནང་བཙུན་མ་གསུམ་ཚུད་པའི་མི་གྲངས་ ༡༥ ཡི་སྐུ་སྲོག་ཤོར་ཡོད་པ་དང༌། གཞན་རྣམས་འདས་གསོན་གང་ཡིན་དང་ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་མེད།

དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ རྒྱ་མིའི་ལོ་གསར་གྱི་དགའ་སྟོན་སྐབས་བོད་མི་ཚོས་མྱ་ངན་གྱི་ཞི་རྒོལ་བྱས་པས། རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མེ་མདའ་གང་བྱུང་བརྒྱབ་ནས་བྲག་འགོ་ ཁུལ་དུ་མི་ ༤ དང༌། གསེར་རྟ་ཁུལ་དུ་མི་ ༢ ། ཛམ་ཐང་དུ་མི་ ༡ བཅས་ཁྱོན་མི་གྲངས་ ༧ དམར་གསོད་བཏང་ཡོད་པ་ཤེས་རྟོགས་ཐུབ་ཡོད། ད་དུང་ལོ་འདིའི་ཟླ་ ༢ ཚེས་ ༨ ཉིན་ནང་ཆེན་དང༌། ཁྲི་འདུ། རྫ་སྟོད། མགོ་ལོག ཆུ་ཆེན། ཆབ་ཆ་སོགས་སུའང་ལྷག་དཀར་སྲུང་བརྩི་དང་མི་མང་གིས་ཞི་རྒོལ་རིམ་པར་བྱུང་ཡོད་པ་ དང༌། རྒྱ་གཞུང་གིས་དེང་སྐབས་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་དང༌། ལྷག་པར་དུ་ཞི་རྒོལ་འབྱུང་ཡུལ་ས་གནས་ཀྱི་དྲ་ལམ་དང་ཁ་པར་བརྒྱུད་ལམ་བཙན་བཀག་གིས། མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་སྟབས། བོད་ཀྱི་ས་ཁུལ་འདྲ་མིན་ནང་མི་ག་ཚོད་བསད་ཡོད་མེད་དང་བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་མེད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་མེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེས་ཛ་དྲག་གི་གནས་སྟངས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང༌། སྤྱི་ལྷན་གྱི་གསལ་བསྒྲགས་སྔ་རྗེས་དང༌། ཉེ་ཆར་ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་མཇལ་འཕྲད་ཀྱིས་ཞུ་སྙན་ཕུལ་བ་དང། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་འབུལ་འགྲེམས་ཞུས་པའི་ནང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དོན་གནད་གཤམ་གསལ་ཁག་ལ་རྒྱ་གཞུང་གིས་འཕྲལ་དུ་བསམ་ཞིབ་དགོས་པའི་རེ་སྐུལ་བསྐྱར་ནན་དུ་ཞུས་འདུག

༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་འགྲིག་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས།

༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས།

༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།

༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།

༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ཚོར་ཁེ་ཕན་ཡོད་པ་བྱེད་དགོས།

༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།

༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས།

དེ་བཞིན་དུ་རང་དབང་མང་གཙོའི་སྲིད་གཞུང་དང་གྲོས་ཚོགས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང༌། ཡོངས་ཁྱབ་རིན་ཐང་ལ་འདི་ལྟར་རྩིས་མེད་རྡོག་རོལ་གཏོང་བའི་རྒྱ་གཞུང་གི་བྱ་སྤྱོད་རྒྱ་ཡན་དུ་མི་འགྲོ་བའི་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང༌། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད།

རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒེར་བ་བཅས་ནས་ཀྱང་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་གང་ཡིན་འབྲེལ་ཡོད་སོ་སོར་ར་སྤྲོད་གསལ་བཤད་དང༌། བདེན་པའི་རྒྱབ་ལངས་ངེས་པར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བདག་ནི་མེག་ལོ་གྷན་ཇི་ནས་ཀེ་ལོ་མི་ཊར་ཅུ་ཙམ་གྱི་ས་གནས་སུ་འཚོ་སྡོད་བྱེད་བཞིན་ཡོད། བོད་ཚེས་ཉི་ཤུ་བརྒྱད་ཉིན་ང་ཚོའི་ས་གནས་སུ་ལོ་གསར་ཚེས་གཅིག་ཉིན་ལྷ་སྡེ་གཙུག་ལག་ཁང་དུ་ཟས་བཅད་ཡིན་སྐོར་གྱི་བརྡ་ཁྱབ་མཐོང་སོང། ལོ་གསར་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་དགུ་པ་ཡས་མས་སུ་གཙུག་ལག་ཁང་དུ་ཟས་བཅད་ལ་སླེབས་སོང་། སྐབས་དེར་ཚོད་དཔག་བྱས་ན་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་འདུ་འཛོམས་གནང་འདུག །དེ་ནས་རིམ་བཞིན་བོད་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བཀའ་སློབ་རིང་པོ་ཞིག་གནང་སོང། དེ་ནས་ཆུ་ཚོད་བཅུ་པ་ཡས་མས་སུ་ཟིན་དུས། ཟས་བཅད་རང་དུ་བཞུགས་གནང་མཁན་མཐོ་བརྩིས་བྱས་ན་མི་གྲངས་སུམ་བརྒྱ་བཞི་བརྒྱ་ཡས་མས་ལས་ཚང་མ་ཕྱིར་ལོག་ཕྱིན་སོང། བཞུགས་པ་ཚོའི་གྲངས་འབོར་མང་བ་གྲྭ་བཙུན་བཅོས་མ་དེ་ཚོ་རེད་འདུག །ངའི་སེམས་སུ་འཐབ་རྩོད་འདི་མི་རིགས་ཤིག་གམ་རྒྱལ་ཁབ་གཅིག་གི་འཐབ་རྩོད་ལས། གྲྭ་བཙུན་ཁོ་ནའི་འཐབ་རྩོད་ཅིག་གཏན་ནས་མིན་པས་ཁྱིམ་པ་མི་མང་ཚོས་ཅིའི་ཕྱིར་ལས་དོན་ཕྲན་བུ་འདི་འདྲ་ཞིག་ཏུའང་མཉམ་ཞུགས་ཐུབ་ཀྱི་ཡོད་མ་རེད་བསམས་ཏེ་ཚོར་ཤུགས་དྲག་པོ་ཞིག་ངང་གིས་བསྐྱེད་པའི་ལྷན་དུ། བཙན་བྱོལ་བོད་གཞུང་ལ་ཁ་སྤུ་སྣ་སྤུ་འདྲ་ཏོག་ཙམ་ཡོད་པ་ཐམས་ཅད། གཡོ་སྒྱུ་ཁྲམ་གསུམ་དང་ས་འཁྲབ་གནམ་འཁྲབ་བྱས་ཏེ་འཐོག་འགྲོ་མཁན་མང་ཆེ་བ་ནི་ཁྱིམ་པ་མི་མང་ཚོ་ཡིན་པ་ལས་གྲྭ་བཙུན་བཅོས་མ་དེ་ཚོ་གཏན་ནས་མིན། རྟག་ཏུ་འོས་འགན་ཕྲན་བུ་འདི་འདྲ་ཞིག་ཏུའང་མཉམ་ཞུགས་བྱེད་མི་ཐུབ་པའི་དྷ་རམ་ཤཱ་ལཱའི་ཁྱིམ་པ་མི་མང་དེ་ཚོའི་སེམས་སུ་ག་རེ་འདྲ་ཞིག་འཛུལ་བ་ཡིན་ན་བསམས་བྱུང།་་་་་་་་་་་་་ཀློ་པ་པོ་ཚོས་བསམ་ཚུལ་ལམ་ཚོར་སྣང་འདི་འབྲི་མཁན་མི་སྐྱ་སྐྱ་རྐྱང་ཞིག་ཡིན་པས། གྲྭ་བཙུན་ཞིག་གིས་བྲིས་པར་གཏན་ནས་བསམ་མི་རུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།