ལས་འགུལ་ནང་མཉམ་ཞུགས་མ་བྱས་པ་དེ་ཞབས་འདྲེན་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༡ཉིན། གཞོན་ནུའི་ཚོགས་གཞོན་གྱིས། དྷ་རམ་ས་ལར་མི་ག་ཚོད་ཡོད་པ་རེད། དེ་རིང་འདིར་ག་ཚོད་སླེབས་འདུག དེ་རིང་འདིར་ཕེབས་མཁན་ཚོས་སོ་སོའི་འགན་ཞིག་འཁྱེར་ནས་ཕེབས་ཡོད་པ་རེད། འདིར་མ་ཕེབས་མཁན་ཚོས་འགན་འཁུར་ཡོད་པ་མ་རེད། ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། བོད་པ་ཞིག་ཡིན་པའི་ཆ་ནས་ཞབས་འདྲེན་རེད། ངོ་ཚ་རེད་ཅེས་གསུངས་སོང༌། ཁ་སང་བོད་ཚེས་༢༩ཉིན་གྱི་དགུང་མོར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལར་མར་མེ་ཁྲོམ་སྐོར་དང༌། དེ་རྗེས་རྒྱ་ནག་གི་རྒྱལ་དར་ཧྥི་ཁྲི་༣༦ཅན་ཞིག་མེ་སྲེག་བཏང་སོང༌།

སྐབས་དེར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། རྒྱ་ནག་གི་བོད་མིར་མནར་གཅོད་གཏོང་བའི་རྒྱུད་རིམ་ནང་ལ། ཉེ་ཆར་ཚེས་༩ནས་ད་ལྟ་བར་རྒྱལ་གཅེས་དཔའ་བོ་ཡེ་ཤེས་བསམ་འགྲུབ་ལགས་ཀྱི་མ་རྒན་ལོ་༧༠ཅན་ཞིག་དང༌། མ་རྒན་གྱི་ཕ་མ་གཅིག་པའི་སྤུན་མཆེད་ཡོན་ཏན་བཟང་པོ། ཡོན་ཏན་བཟང་པོའི་བུ་མོ། ད་དུང་སྤུན་མཆེད་ཡིན་པའི་བུ་མོ་༢ སློབ་གྲྭ་ནས་མར་ལོག་ཡོང་དུས་འཛིན་བཟུང་བྱས་པ་བཅས་མདོར་ན་ཁྱིམ་ཚང་གཅིག་གི་ནང་མི་༥རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

ད་ལྟ་བར་ཉིན་གྲངས་༡༧ནང་ཡེ་ཤེས་བསམ་འགྲུབ་སྤུན་མཆེད་གཉིས་ཀྱི་ནང་མི་༥རྒྱ་མིའི་འཛིན་བཟུང་འོག་ཡོད་པ་རེད། ང་ཚོའི་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་རེད། ཕ་མ་གཅིག་གི་གཅེན་གཅུང་གཉིས་མེ་མདའ་འོག་སྲོག་ཤོར་བ་མ་ཟད། ལྷག་བསྡད་པའི་ནང་མི་༥དགྲ་བོ་རྒྱ་ནག་གིས་འཛིན་བཟུང་བཅར་སྡུང་འོག་ཡོད་པ་རེད། དེ་འདྲའི་ཐབས་སྐྱོ་པོའི་གནས་སྟངས་དེ་དུས་རབས་༢༡ནང་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་མ་གཏོགས་ཡོད་ཀྱི་མ་རེད། གནས་ཚུལ་དེ་འདྲ་ཞིག་གི་རྒྱུད་རིམ་ནང་ང་ཚོས་ལོ་གསར་གཏོང་ཐུབ་པ་ས་རེད་དམ། དགུ་ཐུབ་འཐུང་ཐུབ་ས་རེད་དམ། བོད་པ་ཚང་མས་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། ང་ཚོར་འགན་ཡོད་པ་རེད། ལས་རྒྱུ་འབྲས་ཡོད་པ་རེད།

ང་ཚོས་ད་ལྟ་སྐར་མ་༡༥རིང་གི་བརྙན་པར་དེ་སྟོན་ཡོད་པ་རེད། སོ་སོར་བརྙན་པར་དེ་འདྲ་ཞིག་མིག་གིས་བལྟ་རྒྱུའམ་བློ་ཁོག་འདུག་གམ། བལྟ་ཐུབ་ཀྱི་འདུག་མིན་རྣམ་པ་ཚོས་གཟིགས་སོང་ཨ། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་བརྙན་པར་དེ་མཐོང་དུས་མིག་ཆུ་གཏོང་གིན་འདུག ང་ཚོར་ག་རེ་བྱས་ནས་མིག་ཆུ་མེད་པ་རེད།

དྷ་རམ་ས་ལར་མི་ག་ཚོད་ཡོད་པ་རེད། དེ་རིང་འདིར་ག་ཚོད་སླེབས་འདུག དེ་རིང་འདིར་ཕེབས་མཁན་ཚོས་སོ་སོའི་འགན་ཞིག་འཁྱེར་ནས་ཕེབས་ཡོད་པ་རེད། འདིར་མ་ཕེབས་མཁན་ཚོས་འགན་འཁུར་ཡོད་པ་མ་རེད། ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། བོད་པ་ཞིག་ཡིན་པའི་ཆ་ནས་ཞབས་འདྲེན་རེད། ངོ་ཚ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས། དུས་རབས་༢༠དང་དུས་རབས་༢༡པའི་ནང་ཁ་བྲལ་རིང་ལུགས་པ་སྡུག་རྩུབ་ཆེ་ཤོས་དེ་དགྲ་བོ་རྒྱ་ནག་སྲིད་གཞུང་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། དྲག་བོ་རྒྱ་ནག་གིས་ང་ཚོ་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་ནས། ༡༩༥༩ལོར་བོད་གཞིས་བྱེས་ཁ་བྲལ་བཏང་བ་དང༌། དེའི་བརྒྱུད་རིམ་ནང་ང་ཚོ་སྐྱབས་བཅོལ་དུ་སླེབས་ནས་གཞིས་བྱེས་ཁ་བྲལ་བའི་ལོ་གསར་ཐེངས་༥༣པ་དེ་རིང་སྲུང་བརྩི་བྱེད་ཀྱིན་ཡོད་པ་རེད།

ལོ་༥༣རིང་ང་ཚོའི་བོད་རྒྱལ་ཁབ་དེ་ཁ་བྲལ་བཏང་ཡོད་པ་རེད། ལོ་༥༣ནང་བོད་གཞིས་བྱེས་ཁ་བྲལ་ནས་མིག་ཆུའི་ནང་ནས་ལོ་གསར་གཏོང་དགོས་པའི་གནས་སྟངས་ཤིག་བཟོས་ཡོད་པ་རེད། ལོ་སྔོན་མའི་ཕྱི་ཟླ་༣པའི་ཚེས་༡༦ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་སྲེག་བཏང་ནས་ཁ་སང་བོད་མདོ་སྨད་ཛམ་ཐང་ལ་རང་ལོ་༡༩ཡིན་པའི་སྣང་གྲོལ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་བར་ཟླ་༡༢ཀྱི་དུས་ཚོད་ནང༌། རྒྱལ་གཅེས་དཔའ་བོ་༢༢བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེ་སྲེག་གཏོང་དགོས་པའི་གནས་སྟངས་དང༌། དེའི་ནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༥སྐུ་སྲོག་གྲོངས་སོང་བའི་གནས་སྟངས་ཆགས་ཡོད།

ང་ཚོའི་འཐབ་རྩོད་ཀྱི་ཆེད་དུ་ཁ་བྲལ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོ་ང་ཚོ་དང་གཏན་དུ་ཁ་བྲལ་སོང་བ་རེད། ང་ཚོ་དང་ཁ་བྲལ་སོང་བའི་མ་ཚད་ཁོ་ཚོའི་ཕ་མ་བུ་ཕྲུག་དང་ཁ་བྲལ། བླ་མ་དགེ་རྒན་དང་ཁ་བྲལ། དགོན་པ་གྲྭ་ཚང་དང་ཁ་བྲལ། མི་ཚེ་འདི་དང་གཏན་དུ་ཁ་བྲལ་སོང་བའི་གནས་སྟངས་ཆགས་ཡོད་པ་རེད་ཅེས་གསུངས་སོང༌།

མདང་དགོང་གི་མར་མེ་ཁྲོམ་སྐོར་དེའི་སྐབས་ཐོག་མར་ཁྱོན་མི་གྲངས་༥༠༠ཡས་མས་ཤིག་འདུ་འཛོམས་བྱས་འདུག་ཀྱང༌། གཞོན་ནུའི་ཚོགས་གཞོན་གྱིས་གསུང་བཤད་དང་རྒྱ་གཞུང་གི་རྒྱལ་དར་མེ་སྲེག་བཏང་བ་བཅས་ཀྱི་ལས་རིམ་མཇུག་མ་སྒྲིལ་གོང༌། ཁྱོན་མི་གྲངས་བརྒྱ་ལྷག་ཙམ་ལས་དེ་མིན་སྔ་མོ་ནས་ཕྱི་ལོག་བྱས་ཟིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།