བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༡ཉིན། དེ་རིང་ཞོགས་པ་༩དང་ཕྱེད་ཀའི་ཐོག གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཇིགས་བྲལ་བསྟན་འཛིན་ལགས་དང་བང་ཆེན་གསར་འགོད་པ་བཀྲ་ཤིས་བདེ་ལེགས་གཉིས་ཀྱིས་རྩོམ་སྒྲིག་གནང་བའི་༼བོད་མིའི་ཚེ་སྲོག་གིས་ གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩ནས་༢༠༡༢༽ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་དབུ་འབྱེད་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་རང་རེའི་གསར་འགོད་པ་ཁག་ཅིག་བཅས་ལྷན་འཛོམས་ཐོག ཐོག་མར་སྐད་མ་གཅིག་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཞུས་རྗེས། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་གནང་བ་དང་། དེ་ནས་དཔེ་དེབ་རྩོམ་སྒྲིག་པ་འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་དཔེ་དེབ་དེ་རྩོམ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་དོན། ང་ཚོ་བཙན་བྱོལ་དུ་སླེབས་བསྡད་ཡོད་དུས། ང་ཚོས་ག་རེ་བྱེད་དགོས་སམ་ཞེས་པའི་དྲི་བ་ཤུགས་ཆེན་པོ་ཞིག་སླེབས་བསྡད་ཡོད་པའི་ཚོར་སྣང་དང་ལས་དོན་འདི་དག་གི་ཐོག་ལ་གཞན་ཀྱི་བསམ་ཚུལ་ཤེས་འདོད་དང་ཉན་འདོད་ཡོད་པ་མ་ཟད། དེ་དག་གི་དགོངས་འཆར་བདག་པོ་རྒྱག་འདོད་ཡོད་པ་རེད། ཡིན་ནའང་། ག་ཚོད་ཡར་སླེབས་ཐུབ་ཀྱི་ཡོད་པ་དང་། ག་ཚོད་ཅིག་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད་པ་སོགས་ཀྱི་གནས་སྟངས་ཐོག་ལ། ཅུང་ཟད་ཐུགས་ཕན་གསོས་ན་བསམ་ནས་ང་དང་ངའི་ལས་རོགས་གཉིས་ཀྱིས་སྐད་ཆ་བཤད་ནས་ལས་དོན་འདི་དངོས་སུ་མགོ་བརྩམས་པ་ཡིན་ལ། ལས་དོན་འདི་བརྩམས་པའི་བརྒྱུད་རིམ་ནང་རྒྱལ་གཅེས་ལྷག་བསམ་ལྡན་པ་མང་པོ་ཞིག་གིས་རོགས་སྐྱོར་དང་མཐུན་སྦྱོར། ཆེད་རྩོམ། དགོངས་འཆར་སོགས་གནང་བ་མ་ཟད། ཐ་ན་ཁ་ཙམ་ཚིག་ཙམ་ཚུན་ཆད་ཀྱི་ཐོག་ནས་ལས་དོན་འདིའི་ཐོག་རྒྱབ་སྐྱོར་གནང་སོང་།  གཞན་ཡང་། རྣམ་པ་ཚོར་ཞུས་དགོས་པ་ཞིག་ལ། དཔེ་དེབ་འདི་ང་རང་གི་ངོ་ཤེས་དང་འབྲེལ་ཡོད་ཁག་ཅིག་ལ་རེ་སྐུལ་བྱས་པ་བརྒྱུད་དེབ་འདིའི་འགྲོ་གྲོན་ཆ་ཚང་ཞིག་བྱུང་བ་ཡིན་ཙང་། ང་ཚོའི་ངོས་ནས་འདི་དཔལ་འབྱོར་ཁེ་ཕན་འཚོལ་སྒྲུབ་བྱེད་པའི་ལས་དོན་སོགས་ཀྱི་ཆེད་ཆུད་ཟོས་སུ་མ་བཏང་པར་དཔེ་དེབ་འདི་སྤྱི་ཚོགས་ཐོག་ལ་རིན་མེད་ཀྱི་ཐོག་ནས་འགྲེམས་སྤེལ་བྱས་པ་ཡིན་ལ། དེབ་འདི་བརྒྱུད་ནས་ལམ་སྟོན་ཞེ་དྲག་ཅིག་ཡོང་གི་ཡོད་མེད་ཇི་ལྟར་ཡང་འདི་དང་འདི་འདྲ་བའི་ལས་དོན་ཕུགས་རྒྱང་རིང་པོའི་ཐོག་ལ་དགོངས་པ་བཞེས་ནས་ཚང་མས་གྲ་སྒྲིག་གནང་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ཚོར་སྣང་ཞིག་དང་ངེས་ཤེས་ཤིག་སླེབས་པའི་རེ་བ་ཙམ་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་དོན། དཔེ་བདེ་འདི་བརྒྱུད་ནས་ང་ཚོ་བོད་མིའི་འདས་ཟིན་པའི་གནས་སྟངས། རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་རྟོགས་ཐུབ་རྒྱུ་དང་འབྱུང་འགྱུར་ཡང་ང་ཚོས་ལངས་ཕྱོགས་གང་ཞིག་འཛིན་རུང་འཆར་གཞི་ལྡན་པའི་ཐོག་ཕྱོགས་ཚང་མ་ནས་མཉམ་རུབ་ཀྱི་འགན་འཁུར་བྱེད་དགོས་པའི་རྣམ་པ་ཤུགས་ཆེན་པོ་ཞིག་གོང་དུ་གསུངས་པའི་གསར་འགོད་གསལ་བསྒྲགས་ནང་འདུག་སྙམ་བྱུང་། བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཞེས་པའི་དཔེ་དེབ་འདིར་ཐད་ཀར་བསམ་བློ་བཏང་ན། ཕྱི་ལོ་ ༡༩༤༨།༤༩ ནས་རྒྱ་སྤྱིའི་ནང་ང་ཚོ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་དོན་རྐྱེན་ཞིག་སླེབ་ཀྱི་ཡོད།

དེ་བཞིན་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ཉེས་རྡུང་འོག་ཚེ་སྲོག་ཤོར་དང་མནར་གཅོད་མྱངས་པའི་གྲངས་ཁ་ང་ཚོས་དམིགས་བསལ་བཏོན་ཐུབ་མེད་ཀྱང་བགྲང་ལས་འདས་པ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༨ ལོར་ཡོངས་གྲགས་བོད་མི་ཉིས་བརྒྱ་ལྷག་དམར་གསོད་བཏང་བའི་མིང་དང་། ལོ། ཕ་ཡུལ་བཅས་ཁ་གསལ་བྱུང་ཡོད། ཕྱི་ལོ་ ༢༠༠༩ ལོར་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་རེད། ཉེ་ཆར་འཛམ་ཐང་ལ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་དུས་ད་ལྟ་བར་རང་ལུས་ཞུགས་འབུལ་གནང་མཁན་ཁྱོན་བོད་མི་གྲངས་ ༢༣ ཙམ་ཞིག་བྱུང་ཡོད་པའི་ཁྲོད་ནས་  ༡༥ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད། དེ་བཞིན་ ༨ ཙམ་གྱི་འཆི་གསོན་དང་ད་ལྟ་ས་གནས་ཕྱོགས་གང་ཞིག་ཏུ་ཡོད་མེད་ཀྱི་གནས་སྟངས་ང་ཚོས་ཤེས་རྟོགས་ཐུབ་མེད། ཕྱོགས་མཚུངས་ཉེ་ཆར་རྒྱ་ནག་གཞུང་གིས་རྟའུ་དང་བྲག་མགོ་སོགས་ཀྱི་ས་ཁུལ་ནས་བོད་མི་བདུན་ལྷག་དམར་གསོད་བཏང་ཡོད། དེ་ལྟ་བུ་ཐོག་ལྟ་སྐབས་བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་དེ་རང་བཞིན་གྱིས་སླེབས་པ་ཞིག་ཆགས་ཡོད་ཅེས་དང་།

རྒྱ་གཞུང་གིས་འཁྱོག་བརྗོད་སྣ་ཚོགས་བྱེད་བཞིན་པའི་སྐབས་འདིར་བོད་ནང་དངོས་སུ་བྱུང་བའི་གནས་ཚུལ་ཇི་བཞིན་དུ་དེབ་ནང་འགོད་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས།རྒྱ་ནག་གཞུང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུས་མཚོན་ཕྱི་ལོ་ ༢༠༠༨ བོད་མིའི་སྒེར་ལངས་ཀྱི་ལས་འགུལ་དེ་དག་ལ་རྡུང་གཅོག་འཕྲོག་སྲེག་ཟེར་བའི་ཐ་སྙད་དེ་འདྲ་བཏགས་ཡོད། ད་ལྟའི་གནས་སྟངས་ལ་རང་སྲོག་བློས་གཏོང་གིས་རང་ལུས་ཞུགས་འབུལ་བྱེད་ཕྱོགས་ལ་ཡང་འཇིགས་སྐུལ་རུང་ལུགས་ཀྱི་རྣམ་པ་ཡིན་པའི་ངོ་བོར་རྒྱ་གཞུང་ནས་གཞུང་འབྲེལ་གྱི་ཐོག་དྲིལ་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་དེ་དངོས་ཡོད་གནས་སྟངས་ཆགས་ཀྱི་ཡོད་མེད་ཞིབ་འཇུག་དང་གནས་ཚུལ་མཁོ་སྒྲུབ་བྱེད་དགོས་པ་མ་ཟད། དེབ་ནང་འགོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ང་ཚོའི་ད་ལྟའི་མི་རབས་འདི་མི་རབས་གསུམ་པ་ལྟ་བུ་ཆགས་ཀྱི་ཡོད། འབྱུང་འགྱུར་མི་རབས་རྣམས་ལ་ལྷག་བསམ་དང། སེམས་ཤུགས། སྙིང་སྟོབས་ཡོད་ནའང་བོད་དོན་གྱི་སྒྲུབ་ཕྱོགས་ཀྱི་ལས་འགན་འཁུར་མ་ཤེས་པ་ལྟ་བུ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། གང་ཡིན་ཟེར་ན། ལོ་རྒྱུས་ཀྱི་འཕོ་འགྱུར་གྱི་གནས་སྟངས་ང་ཚོས་གསུངས་མ་ཐུབ་ན། བར་དུ་ལྷག་སྐབས་ཤ་ཁྲག་རུས་གསུམ་བོད་མི་རིགས་ཀྱི་ཡིན་ནའང་རང་བཞིན་གྱིས་མི་རིགས་གཞན་གྱི་རྣམ་པ་འགྱུར་རྒྱུ་ཙམ་རེད་མ་གཏོགས། སོ་སོའི་མི་རིགས་ཀྱི་རིགས་གཞུང་དང། ཁོར་ཡུག གོམས་གཤིས་སྲུང་སྐྱོབ་བྱ་རྒྱུའི་ཐོག་ཁོང་ཚོར་སེམས་ཤུགས་དང་སྙིང་སྟོབས་མེད་པ་མ་རེད། འོན་ཀྱང་དེའི་འགན་ཁུར་མ་ཤེས་པའི་གནས་སྟངས་ཆགས་རྒྱུའི་ཉེན་ཁ་འདུག དེར་བརྟེན་ང་ཚོས་ད་ལྟའི་གནས་སྟངས་དེའི་ཐོག་བལྟས་ན་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ཀྱིས་ཡིག་ཐོག་ཏུ་ཞིབ་འཇུག་དང་གནས་ཚུལ་གྱི་རྣམ་པ་ཡིན་ནའང་འདྲ། གང་ལྟར་དེ་དག་དེབ་གཟུགས་སུ་འགོད་ཐུབ་པ་བྱ་རྒྱུ་ཙམ་མ་ཟད། བཤད་ཐུབ་པ་དང་སེམས་ལ་དྲན་ཐུབ་པའི་སྒོ་ནས་ང་ཚོ་མི་རབས་གསར་པ་ཚོས་འདི་ལྟ་བུའི་འགན་ཁུར་ཏེ་འབྱུང་འགྱུར་གྱི་མི་རིགས་ལ་གཞི་རྩ་བཞག་ས་ཞིག་ང་ཚོས་འཚོལ་སྒྲུབ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་རྒྱལ་སྤྱིའི་ནང་ལའང་དེང་སང་གི་བརྒྱུད་ལམ་འདྲ་མིན་མང་དག་ཅིག་ཡོད་པ་དེ་དག་ང་ཚོས་བེད་སྤྱོད་ཐུབ་པ་བྱེད་དགོས་ཞེས་སོགས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༢༡༢༠༡༢༡༨༡༥
དེབ་འདིའི་ནང་རྩོམ་ཡིག་གང་འདྲ་འདུག་པས། དེ་རྣམས་འདིར་མཚན་གཞུང་ཙམ་བགྲང་ཐུབ་ན་ཡག་པོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།