ལྡི་ལི་མཐོ་སློབ་ཀྱི་ཞི་རྒོལ་བ་༤༨འཛིན་བཟུང་བཀག་ཉར་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༧ཉིན། ཟླ་འདིའི་ཕྱི་ཚེས་༡༦ཉིན་ གྱི་སྔ་དྲོའི་ཆུ་ཚོད་༡༡དང་ཕྱེད་ཀ་ཐོག རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ལྡི་ ལི་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་༤༨ཀྱིས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལའོ་ཧེ་ནེན་ལྡི་ལིར་ཡོང་བར་ཞི་བའི་ངོ་རྒོལ་བྱས་ཡོད་ལ། ད་ལྟ་ལྡི་ལི་ཉེན་རྟོག་པས་ཁོང་ཚོ་བཀག་ཉར་བྱས་ཡོད་འདུག

ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་རིགས་སློབ་མ་ཚོ་ཁག་གཉིས་སུ་བགོས་ནས་ངོ་རྒོལ་སྐད་འབོད་བྱས་་ཡོད་པ་མ་ཟད།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རའོ་ཧའི་ནའི་ལགས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཆེན་ནང་དུ་མཆོངས་སྟེ། ལའོ་ཧེ་ནེན་ཕྱིར་ལོག་ཅིག བོད་ལ་རང་དབང་དགོས། བོད་མི་ཚོ་དམར་གསོད་བྱེད་བཞིན་པ་མཚམས་འཇོག་བྱོས་ཞེས་སྐད་འབོད་གནང་ཡོད་པ་དང༌།  སྐར་མ་༢༠ཙམ་གྱི་རྗེས་སུ་ཉེན་རྟོག་པ་མང་པོ་ཡོང་ནས་ངོ་རྒོལ་གནང་མཁན་སློབ་མ་ཚང་མ་འཛིན་བཟུང་བྱས་ཏེ་་སློབ་མ་མང་པོར་རྡུང་རྡེག་བཏང་ཡོད་པ་མ་ཟད། སློབ་མ་གཅིག་ལ་གཅར་རྡུང་ཤུགས་ཆེན་བཏང་རྐྱེན་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག

སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཇིགས་མེད་ལགས་ཀྱིས་བརྗོད་རྒྱུར། ལའོ་ཡིས་རྒྱ་གཞུང་གི་ཡ་ང་བའི་བཙན་གནོན་དམ་དྲག་འོག སྔ་གཞུག་ཏུ་བོད་མི་མང་པོས་རང་ལུས་མེར་བསྲེགས་བའི་གནད་དོན་རྣམས་གསལ་བོ་ཤེས་རྟོགས་ཡོང་བའི་རེ་བ་ཡོད་ལ། བོད་རིགས་སེར་སྐྱ་མང་པོས་རང་སྲོག་བློས་བཏང་བའི་གནད་དོན་དེའི་ཐོག་ནས་རྒྱ་གཞུང་གིས་བོད་རིགས་མི་མང་ལ་དྲག་གནོན་དང་འཇིགས་སྐུལ་ག་ཚོིད་བྱས་ན་དེ་ཚོད་ཀྱིས་བོད་རིགས་སྤུན་ཟླ་ཚོ་འུ་ཐུག་ཐབས་ཟད་ནས་མུ་མཐུད་དེ་ལུས་སྲོག་བློས་གཏོང་ངེས་རེད་ཅེས་སོགས་བརྗོད་འདུག

ལྡི་ལི་ཉེན་རྟོག་པས་བཀའ་ཉར་བྱས་ཡོད་པའི་སློབ་མ་ཚོའི་ནང་དུ་བུ་མོ་༢༥དང་བུ་༢༣ཡོད་པ་དང༌། ད་ལྟ་ལྡི་ལི་ཉེན་རྟོག་ལས་ཁུངས་ཆཱ་ནཱ་ཁཱ་ཕ་རའི་ཟེར་བ་རུ་བཀག་ཉར་བྱས་ཡོད་པ་དང༌། མི་རིང་བར་ཁོ་ཚོ་ཊི་ཧར་བཙོན་ཁང་དུ་སྐྱེལ་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།