བཙན་བྱོལ་གཞུང་མང་གཉིས་ཀྱིས་བསམ་བློ་གསར་པ་ཞིག་གཏོང་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༦ཉིན། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཁ་སང་ཕྱི་ཚེས་༡༥ཉིན་གྱི་དགོང་མོར་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་བྱས་སོང༌ལ། སྐབས་དེར་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་བོད་རྒྱལ་ཁབ་སླར་གསོ་བྱ་རྒྱུ་དེ་གངས་ཅན་པའི་ཤི་ཕོའི་ཁ་ཆེམས་དང་གསོན་པོའི་རེ་བ་རེད་ཅེས་གསུངས་སོང་།

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། ཚང་མས་མཁྱེན་གསལ་ལྟར་ལོ་སྔོན་མའི་ཕྱི་ཟླ་༣པའི་ཚེས་༡༦ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེ་ཕུང་གི་ཁྲོད་དུ་ཞུགས་འབུལ་གནང་བ་ནས་བཟུང་ཕྱི་ལོ་༢༠༡༡ཕྱི་ཟླ་༡༢པའི་ཟླ་མཇུག་བར་ཁྱོན་རྒྱལ་གཅེས་དཔལ་བོ་༡༢གྱི་རང་ལུས་མེར་བསྒྲོན་པ་དང༌། མདོར་བསྡུས་ན་ཕྱི་ལོ་༢༠༡༡ཟླ་༣པའི་ཚེས་༡༦ནས་ཕྱི་ལོ་༢༠༡༢ཟླ་༢ཚེས་༡༣བར་དུས་ཡུན་ཟླ་བ་༡༢ནང་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་བོ་༢༣གྱིས་རང་ལུས་མེ་སྲེག་བཏང་བ་དང༌། དེའི་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་༡༣སྐུ་གྲོངས་པའི་གནས་ཚུལ་དང༌། གཞན་རྣམས་དགྲ་བོའི་རྒྱ་དམར་གྱི་ལག་ཏུ་ཤོར་ཡོད་པ་རེད།

དེ་བཞིན་བོད་གི་ས་ཐོག་ཏུ་རྒྱ་དམར་གྱི་མེ་མདའི་འོག་ནས་བོད་མི་ཚོས་རླབས་ཆེན་གྱི་ཡ་ལངས་རིམ་པར་བྱས་ཡོད་པ་དང༌། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གི་རྩ་ཆེ་བའི་ཚེ་སྲོག་དེ་རྒྱ་དམར་གྱི་མེ་མདའི་འོག་ཏུ་ཤོར་ཡོད་པ་རེད། ད་ལྟ་རང་ང་ཚོས་གནས་ཚུལ་གོ་བ་ཞིག་ལ་ཉེ་ཆར་ཁམས་བྲག་མགོ་ཏུ་ཡར་ལངས་བྱས་པའི་སྐབས་སུ་རྒྱལ་གཅེས་དཔའ་བོ་ཡེ་ཤེས་བསམ་འགྲུབ་ལགས་སྤུན་མཆེད་གཉིས་རྒྱ་དམར་གྱིས་མེ་མདའ་བརྒྱབ་ནས་བསད་ཡོད་འདུག

འདས་པའི་དུས་ཡུན་ཟླ་བ་ཁ་ཤས་ནང་བོད་ནང་དུ་རླབས་ཆེན་གྱི་ཞི་བའི་ངོ་རྒོལ་གྱི་ཡར་ལངས་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པ་དང༌། དེ་བྱུང་བའི་བརྒྱུད་རིམ་ནི་རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་ཡོད་ཅེས་པའི་རྫུན་གཏམ་དྲིལ་བསྒྲབས་བྱེད་པའི་བརྒྱུད་རིམ་དུ་ཆགས་ཡོད་པ་དང༌། རྒྱ་ནག་གིས་དྲིལ་བསྒྲགས་དེའི་ནང་བོད་ནང་དུ་རང་དབང་ཡོད། བདེ་སྐྱིད་ཡོད། བཅིངས་འགྲོ་བཏང་ཡོད། བོད་མི་མང་གིས་རྒྱ་ནག་སྲིད་གཞུང་ལ་དགའ་མོས་ཡོད། བོད་རྒྱ་ཆེ་མི་མང་གིས་ཡུལ་གྱར་སྲིད་གཞུང་དང་ཏཱ་ལའི་བླ་མར་གུས་བཀུར་ཡིད་ཆེས་ཡོད་པ་མ་རེད་ཅེས་འཛམ་བུ་གླིང་ལ་སྐྱག་རྫུན་གྱི་དྲིལ་བསྒྲགས་དང༌། འཁྱོག་བརྗོད་བྱེད་པའི་བརྒྱུད་རིམ་ནང་ཆགས་ཡོད།

དྲིལ་བསྒྲགས་ཀྱི་བརྒྱུད་རིམ་དེའི་ནང་རྒྱ་ནག་གིས་ཕྱོགས་གཅིག་ནི་བོད་ནང་དུ་རང་དབང་ཡོད། བདེ་སྐྱིད་ཡོད། ཞི་བའི་བཅིངས་འགྲོལ་བཏང་ཡོད་ཅེས་ལབ་གིན་ལབ་གིན་དུ་ཉེ་ཆར་རྔ་པ་རྫོང་དུ་དྲག་གནོན་བྱས་པའི་སྐབས་སུ་རྒྱ་ནག་གི་དམག་དཔུང་གི་འཕྲད་དར་སྟེང་གི་འབོད་ཚིག་ཏུ་༼མེ་མདས་ངའི་ཁར་ཉན་གྱི་རེད། ངས་ཏང་གི་ཁར་ཉན་གྱི་རེད་༽ཅེས་བྲིས་ནས་བོད་མི་མང་ལ་སྡུག་རྩུབ་དང་མནར་གཅོད་ཀྱིས་དྲག་གནོན་བྱས་ཡོད་པ་རེད། མདོར་བསྡུས་ན་དེས་ག་རེ་ར་སྤྲོད་བྱེད་ཀྱི་ཡོད་པ་རེད་ཟེར་ན་འདས་པའི་ལོ་ངོ་༦༠རིང་བོད་རྒྱ་ནག་གིས་བཙན་བཟུང་བྱས་པ་ནི་མེ་མདའ་སྡིག་རའི་འོག་ནས་བཙན་བཟུང་བྱས་ཡོད་པ་དང༌། འདས་པའི་ལོ་༦༠དེ་མེ་མདས་བཙན་བཟུང་བྱས་མིན་ལ་མ་བལྟོས་པར་བོད་རྒྱ་ཆེ་མི་མང་གིས་བོད་རང་དབང་སྐྱར་གསོ་བྱེད་པའི་སེམས་ཤུགས་ཉམས་མེད་པས་མ་ཚད། བཙན་བྱོལ་བོད་གཞུང་དང་༧རྒྱལ་བ་ཡིད་བཞིན་ནོར་བུར་རེ་བ་དང་ཡིད་ཆེས་བརླག་མེད་པ་འཛམ་གླིང་མི་མང་གི་མདུན་དུ་གསལ་པོ་ཆགས་ཡོད་པ་རེད།

དེར་བརྟེན་དེ་རིང་འདིར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་མཉམ་སྦྲེལ་རྒྱལ་ཚོགས་དང༌། ཡོ་རོབ་མཉམ་འབྲེལ་བཅས་ཀྱི་གཙོས་པའི་འཛམ་བུ་གླིང་གི་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག མི་སྒེར་བཅས་ལ་འབོད་སྐུལ་ག་རེ་ཞུ་རྒྱུ་ཡོད་ཟེར་ན་རྣམ་པ་ཚོས་མིག་གིས་མཐོང་རྒྱུ་དང་རྣ་བས་ཐོས་རྒྱུ་ཡོད་པ་ཞིག་ལ། བོད་ནང་དུ་རྒྱ་ནག་གཞུང་གིས་ལོ་ངོ་༦༠རིང་རྒྱ་ནག་གི་མེ་མདས་བཙན་གནོན་བྱས་ཡོད་པ་དང༌། བོད་རྒྱ་ཆེ་མི་མང་གིས་རྒྱ་ནག་གི་བཙན་གནོན་སྲིད་དབང་དེར་ངོ་ལེན་མེད་པའི་འབོད་སྒྲ་དེ་རྣམ་པ་ཚོས་མཐོང་ཡོད་ཤག་རེད། ཐོས་ཡོད་ཤག་རེད། ངེས་པར་དུ་བོད་མི་ས་ཡ་༦གི་དགོས་འདུན་གྱི་འབོད་སྒྲ་དེ་བདག་པོ་རྒྱག་དགོས་ཀྱི་རེད། བདག་པོ་རྒྱག་རོགས་བྱོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

འདས་པའི་དུས་ཡུན་ཟླ་བ་༡༢ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་༢༣གྱིས་རྩ་ཆེ་བའི་རང་ལུས་བཟོད་མི་ཐུབ་པའི་མེ་ཕུང་ནང་བློས་གཏོང་བྱས་པ་དེའི་ནང་བརྒྱ་ཆ་བརྒྱད་བཅུ་ལྷག་བོད་པའི་གཞོན་སྐྱེས་ལོ་ན་༢༠ཡས་མས་ཆགས་བསྡད་ཡོད་པ་རེད། དེས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། ལོ་༦༠རྒྱ་ནག་གིས་མེ་མདས་དྲག་གནོན་དང་དངུལ་གྱིས་བསླུ་བྲིད་བྱས་ཀྱང༌། བོད་མི་ས་ཡ་༦པོ་དེ་རྒྱ་མིའི་མེ་མདས་དྲག་གནོན་དང་དངུལ་གྱིས་བསླུ་བྲིད་བྱེད་ཐུབ་མེད་པ་བསྟན་ཡོད།

གནས་ཚུལ་དེས་ང་ཚོར་རེ་བ་གསར་པ་ཞིག་ག་རེ་སླེབས་ཀྱི་ཡོད་པ་རེད་ཟེར་ན། བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཚོར་རྒྱལ་ཁབ་སླར་གསོ་བྱེད་པའི་རེ་བ་དང་བློས་གཏོང་ཚད་མཐོ་རུ་འགྲོ་ཡོད་པ་དང་འཐབ་རྩོད་ཀྱི་གོམ་སྟབས་གསར་པ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་སྤོབས་པ་ཆེན་པོས་དང༌། ཚིག་ཐག་ཆོད་པོའི་སྒོ་ནས་ག་རེ་ཞུ་རྒྱུ་ཡིན་ཟེར་ན། ད་ལྟ་བར་དུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ངོས་ནས་ཁོང་ཚོའི་སྙིང་སྟོབས་དང༌། རླབས་ཆེན་གྱི་བློས་གཏོང་ལ་མཐའ་ཅིག་ཏུ་ཡིད་རང་དང༌། རྒྱབ་སྐྱོར། གུས་བཀུར་བླ་ན་མེད་པ་ཞུ་བཞིན་ཡོད།

གཞིས་ལུས་རྒྱ་ཆེ་མི་མང་གི་རླབས་ཆེན་གྱི་ལས་འགུལ་དང་ཞི་བའི་ཡར་ལངས་གང་འདྲ་ཞིག་གནང་བ་ཡིན་ནའང་ཚོས་གཞོན་ནུའི་ལྷན་ཚོགས་ཀྱི་མཐའ་ཅིག་ཏུ་རྒྱབ་སྐྱོར་དང༌། ཡིད་རངས། གུས་བཀུར་ཡོད། དེ་ལས་འཕྲོས་པའི་ལས་འགུལ་ལ་བརྒྱུད་སྐུལ་བྱས་པའི་གནས་ཚུལ་མེད་ལ་ལས་འགུལ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུའི་སྤོབས་པ་ཡང་དེ་ལས་ཀྱང་མེད་ཅེས་ཞུ་རྒྱུ་ཡིན།

གང་ཡིན་ཟེར་ན། གཞིས་ལུས་རྒྱ་ཆེ་མི་མང་ལོ་༦༠རིང་རྒྱ་ནག་གི་མེ་མདའ་འོག་ནས་འཚོ་བ་བསྐྱལ་ཡོད་པ་དང༌། དགྲ་བོ་རྒྱ་ནག་དང་མཉམ་དུ་འཚོ་བ་སྐྱེལ་མཁན། མཉམ་དུ་འཐབ་རྩོད་བྱེད་མྱོང་ཡོད་པའི་ཆ་ནས། གཞིས་ལུས་རྒྱ་ཆེ་མི་མང་གིས་ང་ཚོ་ལས་ལྷག་པའི་འཐབ་རྩོད་དང༌། ང་ཚོ་ལས་ལྷག་པའི་དགྲ་བོའི་སྲིད་བྱུས་ཧ་གོ་གི་ཡོད་པའི་ཆ་ནས། ཁོང་ཚོས་འཐབ་རྩོད་གང་བྱས་པ་དང་བློས་གཏོང་གང་བྱས་པ་དེ་རྒྱལ་ཞེན་གྱི་ཐོག་ནས། རྣམ་དཔྱོད་ཀྱི་ཐོག་ནས་བྱས་པར་ངོས་འཛིན་ཞུ་བཞིན་ཡོད་མ་གཏོགས། དེ་དབུ་མ་ཚུད་པ་དང་ལྐུག་པ་ཨུ་ཚུགས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད། ཁོང་ཚོས་རླབས་ཆེན་གྱི་ཞི་བའི་ཡར་ལངས་བྱས་པ་དེ་གྲུབ་འབྲས་མེད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་མེད། བོད་རྒྱལ་ཁབ་དེ་རང་བཙན་སླར་གསོའི་བརྒྱུད་རིམ་ནང་གོམ་སྟབས་གསར་པ་ཞིག་ཆགས་བསྡད་ཡོད་པ་རེད།

གོམ་སྟབས་གསར་པ་དེ་རྣམ་དཔྱོད་གསར་པ་ཞིག་དང་བློས་གཏོང་གསར་པ་ཞིག་རེད། དེར་བརྟེན་གཞོན་ནུའི་ལྷན་ཚོགས་ཀྱིས་སྔར་ཡང་ཞུས་མྱོངས་ལ་དེ་རིང་བསྐྱར་དུ་ཞུ་རྒྱུ་ཞིག་ལ་གཞིས་ལུས་རྒྱ་ཆེ་མི་མང་གིས་རྒྱལ་ཁབ་ཀྱི་ཆེད་དུ། དབུ་ཁྲིད་ཀྱི་ཆེད་དུ་གང་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་ཞུ་རྒྱུ་ཡིན།

གཞིས་ལུས་རྒྱ་ཆེ་མི་མང་གིས་དེ་འདྲའི་བློས་གཏོང་བྱས་པ་དེར་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བརྒྱུད་སྐུལ་དང་འཚམས་འཇོག་བྱེད་རོགས་བྱོས་ཞེས་ཞུ་བའི་གནས་སྟངས་མེད་པ་ཡིན་ནའང༌། ང་ཚོ་ལ་ངེས་པར་དུ་འགན་ཞིག་ཡོད་པ་རེད། འགན་དེ་ག་རེ་རེད་ལབ་ན་གཞིས་ལུས་རྒྱ་ཆེ་མི་མང་གིས་རྩ་ཆེ་བའི་སྲོག་བློས་གཏོང་བྱས་པའི་རེ་བ་དང༌། དགོས་འདུན་དེ་རྒྱལ་སྤྱིའི་སྡིང་ཆ་སྒང་ལ་གསལ་པོ་བཟོ་རྒྱུ་དེ་ང་ཚོའི་ལས་འགན་རེད།

གསལ་པོ་བཟོས་པའི་ཐོག་ནས་ཁོང་ཚོའི་དགོས་འདུན་འགྲུབ་པའི་ཆེད་དུ། བཙན་བྱོལ་གཞུང་དང༌། ཚོགས་པ་སྒྲིག་འཛུགས་ཁག མི་མང་ཚང་མས་སྔར་ལས་ལྷག་པའི་བསམ་བློ་གསར་པ་ཞིག་གཏོང་དགོས་པའི་གནས་སྟངས་ལ་སླེབས་ཡོད་པ་རེད།

བོད་ནང་དུ་གཞོན་སྐྱེས་ཚོས་བློས་གཏོང་གསར་པ་ཞིག་བྱེད་ཡོང་དུས་བཙན་བྱོལ་གཞུང་མང་ཡོངས་རྫོགས་ཀྱིས་བསམ་བློ་གསར་པ་ཞིག་གིས་ཐོག་ནས། འཐབ་རྩོད་ལ་བསྐྱར་ཞིབ་བྱེད་པའི་ཐོག་ནས་བསམ་བློ་གསར་པ་ཞིག་དང་མཆོད་སེམས་གསར་པ་ཞིག་གི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་རྩོད་བྱེད་དགོས་པ་རེད། ང་ཚོས་གོམ་པ་རྒྱབ་ལ་རྒྱག་པའི་གནས་སྟངས་ཤིག་ཡོད་པ་མ་རེད། གཞིས་ལུས་རྒྱ་ཆེ་མི་མང་གིས་ལོ་༦༠རིང་མེ་མདའི་འོག་ནས་རྒྱབ་བཤེར་བརྒྱབ་ཡོད་པ་མ་རེད།

དེར་བརྟེན་དེ་རིང་འདི་ནས་ང་ཚོས་ག་རེ་འབོད་སྐུལ་ཞུ་རྒྱུ་ཡིན་ཟེར་ན། ང་ཚོ་ཚང་མས་བོད་རྒྱ་ཆེ་མི་མང་གིས་འབོད་སྒྲ་གང་ཡིན་པ་དེ་བཟོ་བཅོས་མིན་པའི་ཐོག་ནས་རྒྱལ་སྤྱིའི་སྡིང་ཆ་སྒང་ལ་གསལ་སྟོན་བྱེད་དགོས་པ་དང༌། དེའི་གོམ་སྟབས་དེ་ཉིན་རེ་བཞིན་དུ་ཐག་ཉེ་རུ་གཏོང་དགོས་པ་ང་ཚོ་ཚང་མར་འགན་ཡོད་པ་རེད། ང་ཚོས་ཚང་མས་སྐྱབས་བཅོལ་བ་ཞིག་ཡིན་པ་མ་བརྗེད་པའི་ཐོག་ནས་གོམ་སྟབས་གསར་པ་ཞིག་རྒྱག་དགོས།

འདས་པའི་ཕྱི་ལོ་༢༠༡༡ནང་རྒྱལ་གཅེས་དཔའ་བོ་༡༢གྱིས་རང་ལུས་མེར་བསྒྲོན་པའི་རྒྱུ་མཚན་ལ་བརྟེན་ནས་ཕྱི་ལོ་༢༠༡༡ཟླ་༡༠པའི་ཚེས་༡༨ལ་གཞོན་ནུའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་སྤྱི་ཁྱབ་ཡིག་ཚང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐངས་ནས་ག་རེ་ཞུས་ཡོད་པ་རེད་ཟེར་ན། ཡོང་རྒྱུར་བསྡད་པའི་འཆར་ལོའི་བོད་ཆུ་འབྲུག་ལོ་བོད་རྒྱལ་ལོ་༢༡༣༩ལོའི་ལོ་གསར་དེ་མ་གཏོང་རོགས། ང་ཚོས་སྐབས་དེ་དང་བསྟུན་ནས་མ་འོངས་བོད་རྒྱལ་ཁབ་སླར་གསོའི་མ་དངུལ་ཐེབས་རྩ་ཞིག་འཛུགས་རྒྱུ་ཡིན་ཞེས་ཞུས་ཡོད།

ང་ཚོས་ལོ་གསར་སྐབས་ཀྱི་ལས་རིམ་ཁག་ཅིག་ས་གནས་ཁག་ལ་བཀོད་ཁྱབ་བཏང་ཟིན་པ་བཞིན་དེ་རིང་འདིར་གསལ་བསྒྲགས་བྱ་རྒྱུ་ཞིག་ལ། ཉེ་བའི་ཆར་བོད་གཞིས་ལུས་རྒྱ་ཆེ་མི་མང་གིས་རང་སྲོག་བློས་གཏོང་བྱས་པའི་ནང༌། སྐྱབས་ཡུལ་བླ་མ་སྐྱེས་མཆན་དེ་འདྲ་ཡོད་པ་རེད། སྐྱབས་གནས་དགེ་འདུན་པའི་སྡེ་ཡོད་པ་རེད། སྐྱབས་གནས་བཙུན་མ་ཡོད་པ་རེད། དེ་བཞིན་སྐྱ་བོ་ཡོད་པ་རེད།  ཁོང་ཚོ་ཚང་མའི་འབོད་ཚིག་དེ་ག་རེ་རེད་ཟེར་ན། བོད་རྒྱལ་ཁབ་སླར་གསོ་བྱེད་དགོས་པ། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་ཆིབས་བསྒྱུར་དགོས་པ་བཅས། མདོར་བསྡུས་ན་གཞིས་ལུས་རྒྱ་ཆེ་མི་མང་གིས་སྲོག་བཏང་བའི་དགོས་འདུན་དེ་རེད།

དཔའ་བོ་མང་པོ་ཞིག་གི་ཁ་ཆེམས་ནང་ངོས་དེ་རིང་སྲོག་གཏོང་ཡ་དེ་བོད་མི་རིགས་དང་བོད་རྒྱལ་ཁབ་སླར་གསོ་བྱེད་པའི་ཆེད་དུ་ཡིན། ཁྱེད་རང་ཚོ་གཞིས་སུ་སྡོད་མཁན་ཕ་མ་སྤུན་མཆེད་དང༌། གྲོགས་པོ་གྲོགས་མོ། བླ་མ་ཡིན་ནའང་འདྲ་སྡུག་བསྔལ་མ་བྱེད་ཅེས་ཁ་ཆེམས་ནང་བྲིས་ཡོད་པ་རེད། དེར་བརྟེན་ང་ཚོས་གཞིས་ལུས་རྒྱ་ཆེ་མི་མང་གིས་ལོ་༦༠འཐབ་རྩོད་བྱས་པ་དེ་རྒྱལ་ཁབ་སླར་གསོ་ཆེད་དུ་རེད། དེར་བརྟེན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་རྒྱལ་ཁབ་སླར་གསོའི་ཐེབས་རྩ་ཞིག་ངེས་པར་དུ་འཛུགས་དགོས་ཀྱི་ཅེས་གསར་འགོད་ལྷན་ཚོགས་ཐོག་བསྒྲགས་ཡོད་པ་རེད།

འདི་ནས་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ་བོད་ཚེས་༢༩ཉིན་ང་ཚོས་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་ཞིག་བྱ་རྒྱུར་ས་གནས་ཡོངས་ལ་བཀོད་ཁྱབ་བཏང་ཟིན་པ་ཡིན། སྐབས་དེར་ང་ཚོའི་དགྲ་བོ་རྒྱ་ནག་གི་རྒྱལ་དར་མེ་སྲེག་གཏོང་བའི་ལས་འགུལ་ཞིག་དང༌། དེ་དང་མཉམ་དུ་བོད་ནང་དུ་ཉེ་ཆར་བྱུང་བའི་གློག་བརྙན་གསར་པ་ཞིག་ང་ཚོས་བསྡུ་རུབ་བྱས་ཡོད། དེ་༢༩ཉིན་མོར་ས་གནས་ཡོངས་རྫོགས་ལ་སྟོན་རྒྱུ་ཡིན།

དེ་རིང་འདི་ནས་ང་ཚོས་གསལ་པོ་བཟོ་རྒྱུ་ཞིག་ལ་ང་ཚོས་དགྲ་བོ་རྒྱ་ནག་གི་རྒྱལ་དར་བོད་ཚེས་༢༩ཉིན་མོར་ས་གནས་ཡོངས་རྫོགས་ལ་ཚོར་ཤུགས་ཆེན་པོའི་ཐོག་ནས་མེ་སྲེག་གཏོང་རྒྱུ་ཡིན། དེ་གཏོང་དགོས་པའི་རྒྱུ་མཚན་དེ་ད་ལྟ་བར་དུ་བོད་མི་ས་ཡ་༢ལྷག་གི་རྩ་ཆེ་བའི་སྐུ་སྲོག་ཤོར་ཡ་དེ་སྐར་༥ཡི་དར་དམར་ཅན་གྱི་སྲིད་དབང་འོག་ཏུ་སྐུ་སྲོག་ཤོར་ཡོད་པ་རེད། དེར་བརྟེན་ང་ཚོས་དུས་ནམ་ཡང་དགྲ་བོ་རྒྱ་ནག་གི་རྒྱལ་དར་ངོས་ལེན་བྱེད་ཐུབ་ཀྱི་མེད་ཅེས་ཞུ་རྒྱུ་ཡིན།

ལོ་གསར་ཚེས་པ་གཅིག་གི་ཉིན་མོར་འཛམ་བུ་གླིང་གི་ས་གནས་གང་སར་བཞུགས་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཞོགས་པར་ཚང་མས་གཟབ་འཆོར་མིན་པའི་ཐོག་ནས་ནམ་རྒྱུན་གྱོན་བཞིན་པའི་བོད་ཆས་གྱོན་རོགས་ཞུ་རྒྱུ་ཡིན། ཉིན་དེར་གཟའ་ལྷག་པ་ཆགས་ཀྱི་ཡོད་དུས། བོད་ཆས་གྱོན་ནས་བོད་པའི་ཁ་ལག་བཟས་ནས་ལྷག་དཀར་སྲུང་བརྩི་ཞུ་རོགས་ཞུ་རྒྱུ་དང༌། དེ་དང་ཆབས་ཅིག་དེ་ཉིན་ཞོགས་པར་བོད་པའི་ཁྱི་ཚང་ཚང་མས་བོད་ནང་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་མེ་གང་མང་འབུལ་རོགས། དེ་ཉིན་དགོང་མོ་ཆུ་ཚོད་༩པ་ཏག་ཏག་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་མཚོན་བྱེད་དུ་གློག་བསད་ནས་མྱ་ངན་བྱེད་རོགས་ཞེས་ཞུ་རྒྱུ་ཡིན།

ལོ་གསར་ཚེས་༢ཉིན་ངས་གོང་དུ་ཞུས་པ་ནང་བཞིན་མ་འོངས་བོད་རྒྱལ་ཁབ་སླར་གསོའི་མ་དངུལ་ཐེབས་རྩ་ཞིག་གསར་འཛུགས་ཞུ་རྒྱུ་རེད། དེ་གསར་འཛུགས་བྱེད་པའི་ཆེད་དུ་གཞོན་ནུས་ས་གནས་ཀྱི་གཞོན་ནུ་ཁག་ཡོངས་རྫོགས་བོད་རྒྱལ་ཁབ་སླར་གསོའི་མ་དངུལ་ཐེབས་རྩ་བསྡུ་རུབ་སྐབས་བོད་མི་ཁྱིམ་ཚང་ཚང་མས་ཆ་ཤས་བླངས་ནས་མཉམ་ཞུགས་ཀྱིས་ཞལ་འདེབས་གནང་རོགས་ཞུ་རྒྱུ་ཡིན།

གང་ཡིན་ཟེར་ན། བོད་རྒྱལ་ཁབ་སླར་གསོ་བྱ་རྒྱུ་དེ་འདས་ཟིན་པའི་དཔའ་བོ་དཔའ་མོ་བཅས་ཤི་ཕོའི་ཁ་ཆེམས་རེད། ད་ལྟ་བོད་ནང་དུ་གསོན་པོ་འཐབ་རྩོད་བྱེད་མཁན་ཚོའི་རེ་བ་རེད། མདོར་བསྡུས་ན་གངས་ཅན་པའི་ཤི་ཕོའི་ཁ་ཆེམས་དང༌། གསོན་པོའི་རེ་བ་བོད་རང་བཙན་སླར་གསོ་བྱ་རྒྱུ་དེ་རེད། ང་ཚོའི་ཐེབས་རྩ་དེ་བོད་རང་བཙན་སླར་གསོའི་ཐེབས་རྩ་མ་རེད། བོད་རང་བཙན་ཐོབ་ནས་རྒྱལ་ཁབ་འཛུགས་སྐྲུན་སླར་གསོ་བྱ་རྒྱུའི་ཆེད་དུ་ཐེབས་རྩ་ཆགས་ཀྱི་ཡོད་པ་རེད།

ལོ་གསར་ཚེས་༣ཉིན་བོད་ནང་དུ་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ང་ཚོས་ས་གནས་ཡོངས་རྫོགས་ལ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་བྱ་རྒྱུ་ཡིན། སྐབས་དེར་བོད་པའི་ས་གནས་གང་སར་བོད་པ་ཚང་མས་མཉམ་ཞུགས་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།