༢༠༠༩ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༧ཉིན་སྤེལ། ༢༠༠༩ལོའི་བོད་ཀྱི་མཛངས་མའི་དངོས་གཞིའི་འགྲན་བསྡུར་དེ་བཞུགས་སྒར་ངྷ་རམ་ས་ལའི་བོད་གཞུང་ཟློས་གར་ཁང་དུ་འགོ་འཛུགས་གནང་ཡོད་ཅིང༌། ཐེངས་འདིའི་འགྲན་བསྡུར་ཁྲོད་ངྷ་ས་ནས་ཡིན་པའི་བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་ལ་༢༠༠༩ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་ཡོད་པ་རེད། མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གཟབ་གོས་གྱོན་ཏེ་རྩེད་རིགས་འཁྲབ་སྟོན་བྱས་པ་དང་སྦྲགས་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང༌། ཨེ་ཤ་ཡའི་སྐད་གྲགས་ཆེ་བའི་བཟོ་ཚོང་ཁེ་ལས་པའམ་རྒྱ་གར་ལེགས་མཛེས་བྲོ་རྫས་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་མའོ་ཌིའི་མཆོག་སྐུ་མགྲོན་གཙོ་བོར་གདན་འབོད་ཞུས་ཡོད་པ་མ་ཟད། གསར་ཁང་ཁག་གི་གསར་འགོད་པ་དང༌། སེར་སྐྱ་མང་ཚོགས་སྟོང་ཕྲག་གཉིས་ལྷག་གཟིགས་མོར ་ཕེབས་ཡོད་པ་རེད།
འགྲན་རྩོད་པ་བུ་མོ་རྣམས་ཀྱིས་སྒེར་གྱི་ངོ་སྤྲོད་དང༌། དགོང་ཆས་གྱོན་རྩལ། ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་ལབ་གླེང༌། དཔྱད་འདེམས་པའི་དྲི་བར་ལན་ལྡོན་སོགས་འགྲན་བསྡུར་གྱི་དངོས་གཞིའི་ལས་རིམ་བཞི་ལེགས་གྲུབ་ཚར་རྗེས། ༢༠༠༩ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་སྐུ་ཞབས་མའོ་ཌིའི་ལགས་ཀྱིས་ངྷ་སའི་བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་ཀྱི་འགོ་ལ་གཡོགས་ཡོད་ཁར། ཧིན་སྒོར་འབུམ་གཅིག་གི་བྱ་དགའི་གསོལ་རས་ཀྱང་བསྩལ་སོང་ལ། དེ་བཞིན་དུ་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ་མཁན་ངྷ་རྗེ་གླིང་གི་བུ་མོ་ངག་དབང་ཆོས་ཡོན་ལགས་ལ་ཧིན་སྒོར༥༠༠༠༠དང༌། ཨང་གསུམ་པ་ཐོབ་མཁན་ངྷེ་ར་ངྷུང་གི་བུ་མོ་སྒྲོལ་དཀར་ལགས་ལ་ཧིན་སྒོར༢༥༠༠༠། བྱ་དགའི་གསོལ་རས་འབུལ་སྤྲོད་གནང་ཡོད་ཅིང༌། བྷིར་གྱི་བུ་མོ་ཡེ་ཤེས་ལྷ་མོ་ལགས་བྱ་དགའི་ཨང་རིམ་གྱི་གྲས་སུ་ཚུད་མེད་མོད། ཁ་སྐྱེངས་པའམ་ལག་སྟོང་མ་ཡོང་ཆེད་ཧིན་སྒོར༥༠༠༠ཕུལ་ཡོད་པ་རེད།
རྒྱ་གར་དང་བོད། ཕྱི་གླིང་བའི་གསར་འགོད་པ༣༠ལྷག་དང༌། རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས་ཀྱི་མདུན་དུ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་བརྗོད་དོན། བོད་རིགས་གསར་སྐྱེས་ན་གཞོན་ཚོ་གར་སྟེགས་ཐོག་ཡོང་སྟེ་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་འཇོན་ཐང་དང༌། བློ་གྲོས། མཛེས་སྡུག་སོགས་ངོམ་སོ་བྱེད་རོགས་ཀྱི་འབོད་སྐུལ་ཞུས་པ་ཡིན་ལ། ལྷག་དོན་དུ་བོད་རིགས་བུ་མོ་ཚོས་ངོ་ཚ་བག་འཁུམ་སྤངས་ཏེ་ང་ལྟར་གར་སྟེགས་ཐོག་འཛེགས་ནས་འཁྲབ་སྟོན་བྱེད་དགོས། ཞེས་དང༌། བོད་ཀྱི་མཛངས་མ་བྱེད་རྒྱུ་ནི་ཁོ་མོའི་ལོ་ན་༡༦སྒེང་གི་ཕུགས་བསམ་ཉག་གཅིག་ཡིན་ཞིང༌། གསར་འགོད་པ་ཞིག་བྱེད་རྒྱུ་ནི་ཕུགས་བསམ་གཞན་ཞིག་ཡིན། བོད་ཀྱི་མཛངས་མ་ཡིན་པའི་ཆ་ནས་ངས་བོད་མི་རིགས་དང་བཙན་བྱོལ་མི་ཚོར་བྱས་རྗེས་དང་ལེགས་སྐྱེས་འབུལ་རྒྱུ་ཡིན།ཞེས་ཟེར།
མི་བཞི་ལས་གྲུབ་པའི་དཔྱད་འདེམས་པ་དག་ནི། བྲང་ཁོག་ཞབས་བྲོའི་སློབ་སྟོན་པ་ནའ་ཐ་ཞ་དང༌། ཧི་མ་ཅལ་སློབ་གྲྭ་ཆེན་མོའི་ནང་གི་འཆད་ཁྲིད་སློབ་དཔོན་ཆེན་མོ་ནའི་ལིའི་མ། རྒྱ་བོད་མཛའ་མཐུན་ཚོགས་པའི་ཚོགས་གཙོ་ཟུར་བ་རམ་སི་བ་རོ་ཕུ། བོད་ཀྱི་འཕྲིན་གསར་དྲ་བའི་འགན་འཛིན་ཐའེ་རུའི་ཌོ་ཌིན་སོགས་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།