བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དབུ་འབྱེད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༥ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༩ པའི་ཐོག བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་པ་དབུ་འབྱེད་གནང་སོང༌།

སྔ་དྲོ་ཆུ་ཚོད་༩ པ་ཐོག བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་པ་དབུ་འབྱེད་གནང་བ་དང༌། སྐབས་དེར་བཀའ་ཁྲི་མཆོག་གིས་གཙོ་བྱས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་རྣམས་པ། དེ་བཞིན་གསར་འགོད་པ་བཅས་འཛོམས་གནང་འདུག

ཐོག་མར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་མར་མེའི་ཞལ་ཕྱེས་ཏེ་སྲིད་བྱུས་ཉམས་ཞིབ་ཁང་གི་མཚན་བྱང་ཁྱབ་བསྒྲགས་གནང་བ་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་ཉམས་ཞིབ་ཁང་དེ་བཀའ་ཤག་གི་ངོས་ནས་གལ་ཆེན་པོ་ཞེ་དྲག་རྩིས་ནས་དྲིལ་བསྒྲགས་བཀའ་བློན་དང་བདེ་སྲུང་བཀའ་བློན་ཡོད་པའི་ཐོག་ནས་ང་ཚོས་རིམ་པར་ལས་ཀ་བྱེད་པའི་འཆར་གཞི་ཡོད། སྲིད་བྱུས་ཉམས་ཞིབ་ཁང་འདི་གལ་ཆེན་པོ་རྩིས་དགོས་པའི་རྒྱུ་མཚན་ནི། འཛིན་སྐྱོང་ག་འདྲ་ཞིག་ཡིན་ནའང་དྲི་བ་ཆེན་པོ་དེ་འདྲ་དུས་རྟག་ཏུ་ཡོང་གི་ཡོད་པ་རེད། དཔེར་ན། ང་ཚོ་དང་འབྲེལ་བ་ཆགས་པའི་བོད་ཀྱི་སྒྲིག་འཛུགས་འདི་ལོ་ལྔ་དང་ལྔ་བཅུའི་ནང་ལོགས་སུ་ག་འདྲ་ཆགས་ཀྱི་རེད། དེ་བཞིན་རྒྱ་གར་ནང་ལོགས་ཀྱི་བོད་པ་ཚོ་ལོ་ལྔ་དང་ལྔ་བཅུའི་ནང་དུ་ག་འདྲ་ཆགས་ཀྱི་རེད། རྒྱ་ནག་དང་བོད་བར་ག་འདྲ་ཆགས་ཀྱི་རེད། རྒྱ་ནག་དང་ཨ་རིའི་བར་ག་འདྲ་ཆགས་ཀྱི་རེད། རྒྱ་ནག་དང་ཡོ་རོབ་བར་དུ་ག་འདྲ་ཆགས་ཀྱི་རེད། བོད་ནང་གི་གནས་སྟངས་ག་འདྲ་ཆགས་ཀྱི་རེད་ཟེར་བ་ལྟ་བུ་ཡོང་དུས་དྲི་བ་ཆེན་པོ་ཞེ་དྲག་ཡོད་པ་རེད།

ལོ་ལྔ་དང་ལྔ་བཅུའི་ནང་ལ་ག་འདྲ་ཞིག་ཆགས་རྒྱུ་ཡིན་པ་དེ་སྔོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་དང་ད་ལྟའི་གནས་བབ་ལ་བལྟས་སྟེ་མ་འོངས་པར་ག་འདྲ་ཆགས་རྒྱུ་ཡིན་ལ་ཚོད་ལྟ་འདྲ་བོ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། ཚོད་ལྟ་བྱེད་པ་ལ་གཞི་རྩའི་འཛིན་སྐྱོང་པ་གཅིག་རྐུབ་བཀྱགས་སྟེང་དུ་བཞུགས་སྟེ་མ་འོངས་པ་ག་འདྲ་ཆགས་ཡོང་ན་བསམ་ཏེ་ཚོད་དཔག་འདྲ་བྱས་ན་དེ་ཚོད་དཔག་རང་ཆགས་ཀྱི་ཡོད། ཡིན་ནའང༌། ཉམས་ཞིབ་བྱས་པའི་ཐོག་ནས་འབྲས་བུ་སྨིན་པ་དེ་ལ་རིན་ཐང་ཞིག་ཡོད་དུས་དེ་གཞིར་བཞག་པའི་ཐོག་ནས་ཕྱག་ལས་གནང་བ་ཡིན་ན། གདེང་ཚོད་དང་གནས་ཚུལ་ཧ་གོ་བའི་ཐོག་ནས་གང་ལ་གང་འཚམ་ཤིག་སྔོན་ལ་འགྲོ་བའི་ལམ་སྟོན་ཐུབ་པ་ཞིག་ཆགས་ཀྱི་ཡོད་ལ། ལམ་སྟོན་མ་ཐུབ་པ་ཡིན་ནའང་ཉེན་ཁ་ག་རེ་ག་རེ་ཡོད་མེད་དེ་རྟོགས་ཐུབ་པ་ཆགས་སྲིད་པ་ཞིག་རེད། དེ་འདྲ་སོང་ཙང་དྲི་བ་ཆེན་པོ་དེ་འདྲ་ཡོང་དུས། དེ་ག་འདྲ་ཆགས་ཀྱི་ཡོད་མེད་ཐོག་ཉམས་ཞིབ་བྱ་རྒྱུ་དེ་ཉམས་ཞིབ་ལྷན་ཁང་གི་འགན་གཙོ་བོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོའི་རེ་བ་ལ་ཉམས་ཞིབ་ལྷན་ཁང་བཙུགས་ནས་བོད་ནང་གི་ཆབ་སྲིད་དང་ཁོར་ཡུག་གཙོས་པའི་གནས་སྟངས་ག་འདྲ་ཡིན་མིན་གཏིང་ཟབ་པོའི་ཐོག་ནས་ཉམས་ཞིབ་བྱེད་ཐུབ་པ་ཡིན་ན། མ་འོངས་པར་ང་ཚོའི་གྲོས་ཚོགས་དང་བཀའ་ཤག་སོགས་སུ་ཐུགས་ཕན་གསོ་ཨེ་ཐུབ་བསམ་པའི་རེ་བ་ཡོད་ཅེས་དང༌།

ཡང་ཉམས་ཞིབ་ཀྱི་འབྲས་བུ་གཡུར་དུ་བཟའ་བ་ཞིག་འཐོབ་རྒྱུར་མཐུན་རྐྱེན་ག་རེ་ཚང་དགོས་པའི་སྐོར་ལ་ཁོང་གིས། ཉམས་ཞིབ་པ་སྤུས་ཀ་ལྡན་པ་ཞིག་དགོས་པ་རེད། གལ་སྲིད་ འཆར་གཞི་ཆེན་པོ་དང་སྒྲིག་གཞི་གཏིང་ཟབ་པོ་ཞིག་ལ་ཉམས་ཞིབ་པ་སྤུས་ཀ་ལྡན་པ་ཞིག་མ་བྱུང་བ་ཡིན་ན། སྒྲིག་གཞི་གཞིར་བཟུང་དང་རེ་བ་གཞིར་བཟུང་གི་འབྲས་བུ་ཡག་པོ་ཞིག་འཐོབ་རྒྱུ་ཞེ་དྲག་ཁག་པོ་ཆགས་ཚར་བ་རེད། དེར་བརྟེན་བཀའ་ཤག་གི་ངོས་ནས་བོད་ཀྱི་ཉམས་ཞིབ་ཁང་གི་ནང་དུ་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དེ་གལ་ཆེན་པོ་ཆགས་འདུག ད་ལྟ་ཡོད་པའི་ཉམས་ཞིབ་པ་རྣམས་པ་ཡག་པོ་ཞེ་དྲག་ཡོད་ཅེས་གསུང་གི་འདུག་ལ། ཁོ་རང་ཚོ་དང་སྐད་ཆ་བཤད་སྐབས་ཀྱང་རེ་བ་ཆེན་པོ་ཡོད་ལུགས་གསུང་གི་འདུག་པས། དེ་བཞིན་དུ་ང་ཚོའི་ངོས་ནས་ཀྱང་རེ་བ་རྒྱག་གི་ཡོད་ཅེས་གསུངས་སོང༌།

གཞན་ཡང༌།་བོད་ཀྱི་ཉམས་ཞིབ་ཁང་གི་ལས་འཆར་དང་ཉམས་ཞིབ་བྱེད་སྟངས་སོགས་ཀྱི་སྐོར་ལ་གསུངས་དོན། ཟླ་བ་རེ་རེར་སྐུ་མགྲོན་རེ་རེ་གདན་འདྲེན་ཞུས་ནས་བོད་དང་འབྲེལ་བའི་གནད་དོན་ཐོག་ལ་བགྲོ་གླེང་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། དེ་འདྲ་བྱས་པ་ཡིན་ན་སྲི་ཞུ་བ་རྣམ་པ་ཚང་མ་ལ་ཐུགས་ཕན་གསོ་ཐུབ་པའི་རེ་བ་ཡོད།  དེ་ནས་ཟླ་གསུམ་དང་བཞི་ཡི་མཚམས་ལ་ཉིན་གཅིག་ཧྲིལ་པོར་མཁས་དབང་གསུམ་ཙམ་གདན་འདྲེན་ཞུས་ནས་བོད་ཀྱི་ཁོར་ཡུག་སོགས་གནད་དོན་ཆེ་བ་དག་གི་ཐོག་ལ་བགྲོ་གླེང་ཆེན་པོ་ཞིག་ཡོད་པ་དང༌། དེ་བཞིན་ལོ་རེར་ཚོགས་ཆེན་ཞིག་ཚོགས་ནས་ཉིན་གཉིས་དང་གསུམ་གྱི་ནང་དུ་མཁས་དབང་སོགས་གང་འཚམ་ཞིག་གདན་འདྲེན་ཞུས་ནས་འབྲེལ་ཡོད་གནད་དོན་མང་པོ་ཞིག་གི་སྒང་ལ་བགྲོ་གླེང་གནང་ཐུབ་པ་ཡིན་ན། ཉམས་ཞིབ་པ་དང་སྲི་ཞུ་བ་སྤྱི་ཡོངས་ལ་ཐུགས་ཕན་གསོ་ཐུབ་ན་བསམ་པའི་རེ་བ་ཡོད།  དེ་འདྲ་སོང་ཙང༌། བོད་ཀྱི་ཉམས་ཞིབ་ཁང་གི་ངོས་ནས་རྒྱ་རིགས་དང་ཕྱི་རྒྱལ་མཁས་པ་གང་རག་རག་གིས་གདན་འདྲེན་ཞུས་ནས་བགྲོ་གླེང་བྱས་ཏེ། རྡ་རམ་ས་འདི་གནས་ཚུལ་མཁོ་སྒྲུབ་དང་བརྗེ་ལེན་བྱེད་ས་ཞིག་ཏུ་ཆགས་ཐུབ་པའི་རེ་བ་རྒྱག་གིན་ཡོད། གཞན་ཡང༌། གཟའ་ལྷག་པ་རྟག་པར་ཉམས་ཞིབ་པ་ཁོ་རང་ཚོའི་ནང་ལོགས་སུ་བསམ་ཚུལ་བརྗེ་རེས་བྱེད་པའི་ལས་གཞི་ཞིག་འགྲོ་བཞིན་ཡོད་ལ། དེ་ཡིས་ཕན་ཐོགས་ཆེན་པོ་འདུག་ཅེས་གསུང་གི་འདུག་ལ་ཡོད་རེད་བསམ་པ་འདུག

ང་རང་ཡིན་ནའང༌། ལོ་ངོ་བཅུ་དྲུག་གི་རིང་ལ་ཉམས་ཞིབ་པའི་ཉམས་མྱོང་གང་ལ་གང་འཚམ་ཡོད་དུས། གཞི་རྩའི་ཉམས་ཞིབ་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་ཀྱི་སྐོར་ལ་དགེ་རྒན་གྱི་བཀའ་སློབ་དང་ལམ་སྟོན་ཞེ་དྲག་མང་པོ་གནང་གི་ཡོད་པ་རེད། ཡིན་ནའང༌།་མཐའ་མ་དེར་གཙོ་བོ་སོ་སོས་དེབ་ཀློག་སྟེ་ཉམས་ཞིབ་བྱེད་སྟངས་དང་རྩོམ་འབྲི་ཡོང་དུས་གཞི་ནས་ཉམས་ཞིབ་ཀྱི་རིན་ཐང་དེ་རྟོགས་ཡོང་གི་འདུག  དེར་བརྟེན། ཉམས་ཞིབ་པ་ཚོའི་འགན་གཙོ་བོ་དེ་གཞི་རྩའི་ཉམས་ཞིབ་བྱེད་པ་དང་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་ལ། ཉམས་ཞིབ་ཀྱི་འབྲས་བུ་རྣམས་ཡིག་ཐོག་ལ་ཕབ་རྒྱུ་དེ་གལ་ཆེ་ཤོས་རེད། ཡིག་ཐོག་ལ་ཕབ་པའི་སྐབས་སུ་གོང་དུ་སྐུ་ངོ་བློ་བཟང་ལགས་ཀྱིས་གསུངས་པ་གནང་བཞིན་དབྱེ་བ་མང་པོ་ཞེ་དྲག་ཡོད་པ་རེད་དེ། གང་ལྟར་ཡིག་ཐོག་ལ་གང་མང་མང་ཕབ་ནསགཞན་དང་མཉམ་དུ་གོ་བསྡུར་གང་མང་བྱས་པ་ཡིན་ན་འབྲས་བུ་དེ་སྤུས་དག་པོ་ཡོང་གི་རེད། སྤུས་དག་པོ་ཡོང་ན་དང་པོ་ཉམས་ཞིབ་ཁང་གི་དྲ་རྒྱའི་ནང་དུ་གཏོང་ཆོག་པ་དང་དེ་ལས་ཀྱང་སྤུས་དག་པོ་བྱུང་ན་རྒྱ་གར་གྱི་ཉམས་ཞིབ་པའི་དུས་དེབ་དང་ཚགས་པར་སོགས་ཀྱི་ནང་དུ་དཔར་བསྐྲུན་བྱེད་ཆོག་པ་རེད། ཡང་ཞེ་དྲག་སྤུས་དག་པོ་བྱུང་ན་རྒྱལ་སྤྱིའི་ཐོག་འགྲོ་ཐུབ་ངེས་རེད་ཅེས་སོགས་གསུངས་པ་དང༌། དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཞི་ཡིས་བོད་ཀྱི་ཁོར་ཡུག་དང་ས་གཤིས། གཏེར་ཁ་སོགས་བརྗོད་གཞི་མི་འདྲ་བའི་ཐོག་གསུངས་བཤད་གནང༌།

སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་ཐེངས་འདིའི་ཉམས་ཞིབ་ཁང་ལ་ཉམས་ཞིབ་པ་སུ་ཡོད་མེད་ཀྱི་སྐོར་སོགས་བཀའ་དྲི་ཞུས་པར་ཁོང་གིས། ཉམས་ཞིབ་ཁང་གི་ལས་དོན་གཙོ་བོ་དེ་བདེ་སྲུང་ཉམས་ཞིབ་ཁང་གི་ལས་བྱེད་པ་ཚོས་གནང་གི་ཡོད་པ་རེད།  ཁོང་ཚོ་མི་བཅུ་གཅིག་ཡོད་པ་ལས་བགོས་གནང་ནས་ཁག་གཅིག་ཁོར་ཡུག་དང༌།  ཁག་ཅིག་གིས་བོད་ཀྱི་གཏེར་ཁ་སྔོག་འདོན་སོགས་ཀྱི་ཐད་ལ་ཉམས་ཞིབ་གནང་གི་ཡོད་པ་རེད།  ཡང་ང་ཚོའི་ལས་ཀ་དང་འབྲེལ་བ་ཡོད་པའི་ཕྱག་ལས་གནང་མཁན།   ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་གྱི་རྒྱ་ཡིག་ཚན་པ།  གསུང་བསྒྱུར་ཚན་པ།  འགྲོ་བ་མིའི་ཐོབ་ཐང་ཚན་པ་དེ་ཚོ་ཡང་ང་ཚོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་འབྲེལ་བ་ཡོད་པའི་ལས་ཀ་ཡིན་པས། ང་ཚོ་ཚང་མས་མཉམ་དུ་བོད་ནང་དུ་རྒྱ་གཞུང་གིས་སྲིད་བྱུས་མ་རུང་པ་ག་འདྲ་སྤེལ་གྱི་འདུག།   དེ་ཚོ་ཚང་མ་མཁོ་སྒྲུབ་བྱས་ནས་བོད་ཀྱི་གནས་སྟངས་ལ་ཕན་ཐོགས་ཡོང་བའི་རེ་བ་ བྱེད་ཀྱི་ཡོད་རེད་ཅེས་གསུངས་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁ་བྱང་ལ་ལྟ་དུས་གསར་བཏོད་ཅིག་རེད་བསམ་ཡང་། རིམ་གྱིས་ཚང་མ་བཀླགས་ཚར་རྗེས་སྔར་ཡོད་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་མིང་དེ་བརྗེ་བོ་བརྒྱབ་པ་ཙམ་རེད་འདུག བཀའ་ཁྲིས་ཁོ་རང་ལ་ཉམས་ཞིབ་པའི་ཉམས་མྱོང་གང་ལེགས་ཡོད་ཚུལ་གྱི་འུར་སྒྲོག་དང་ལྷན་དུ། དེར་ཉམས་ཞིབ་པ་སྤུས་ཀ་ལྡན་པ་ཞིག་དགོས་རབས་གླེང་ཡང་། མཐར་གཏུག་ན། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོ་ནི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་ལས་བྱེད་དེ་ཚོ་དང་། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་ལས་བྱེད་དེ་ཚོ་རང་འཇགས་རེད་འདུག ཁོ་ཚོ་ནི་བཀའ་ཁྲིས་དགོས་མཁོ་བཏོན་པའི་ཉམས་ཞིབ་པ་སྤུས་ཀ་ལྡན་པ་ཞེ་ཅིག་ཡིན་ནམ། ཡང་ན་ཞིབ་འཇུག་གི་ཐོག་ལ་ཆེད་ལས་མཁས་པ་རྐྱང་རྐྱང་ཡིན་ནམ།



བརྗོད་གཞི་གཞན་ཁག་ལ་གཟིགས།