ཨའོ་བྷ་མས་དྲག་སྤྱོད་པ་ཞིག་ལ་ཐུག་འཕྲད་བྱེད་མི་འོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༤ཉིན། ཟླ་འདིའི་ཕྱི་ཚེས་༡༣ཉིན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཨར་ལིན་ཊོན་རྗེས་དྲན་ཟམ་ཆེན་ངོས་སུ་བོད་དོན་ལས་འགུལ་བས་༼བོད་ལ་རང་དབང་དགོས༽ཞེས་པའི་འཕྲེད་དར་འཕྱངས་སྟེ། རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་ཤི་ཅིང་ཕིན་ཨ་རིར་ཕེབས་པར་བསུ་བ་བྱས་འདུག

ཕྱི་ཚེས་༡༤ཉིན། རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་ཤི་ཅིང་ཕིན་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་བསྐྱོད་རྒྱུ་ཡིན་པ་ལྟར། བོད་དོན་ལས་འགུལ་བ་རང་ལོ་༣༡ཡིན་པ་བྷེན་ཁཱ་བྷོ་ཁུ་མན་ལགས་དང་རང་ལོ་༣༢ཡིན་པའི་བསྟན་འཛིན་འཇིགས་མེད་ལགས་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨར་ལིན་ཊོན་རྗེས་དྲན་ཟམ་ཆེན་ངོས་སུ་༼བོད་ལ་རང་དབང་དགོས༽ཞེས་དབྱིན་ཡིག་ཐོག་བྲིས་པའི་འཕྲེད་དར་དཀར་པོ་ཞིག་འཕྱངས་སྟེ། རྒྱ་ནག་དམར་ཤོག་གཞུང་གི་སྲིད་འཛིན་ཨང་༥པ་དེ་ཤི་ཅིང་ཕིན་ལ་ཕེབས་བསུ་བྱས་ཡོད་ལ། རྗེས་སུ་ཁོང་གཉིས་དང་གཞན་ཡང་བོད་དོན་ལས་འགུལ་བ་རང་ལོ་༣༢ཡིན་པའི་མཱ་ཊུའུ་དང་ཟཱ་ཁར་རའི་ནའོ་དང་རང་ལོ་༢༥ཡིན་པའི་བསྟན་འཛིན་དབྱངས་གསལ་བཅས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ཉིན་དེར་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ཨ་རིའི་ཕོ་བྲང་དཀར་པོའི་བར་མར་མེའི་ཁྲོམ་སྐོར་སོགས་བྱས་ནས་ཞི་བའི་ངོ་རྒོལ་ལས་འགུལ་རྒྱ་ཆེན་པོ་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཨ་རིའི་ནང་དུ་སྐྱེས་པའི་བོད་རིགས་ཤིག་ཡིན་པའི་ཆ་ནས། གལ་གནད་ཆེ་བའི་དུས་སྐབས་འདི་འདྲ་ཞིག་ལ་ང་རང་གིས་ངེས་པར་དུ་རྒྱ་ནག་གཞུང་གིས་བོད་རིགས་ཞི་བའི་ངོ་རྒོལ་མཁན་མང་པོ་དམར་གསོད་བཏང་བའི་དངོས་བྱུང་གནས་ཚུལ་སྐད་གསེང་མཐོན་པོས་ཕྱིར་བསྒྲགས་བྱེད་དགོས་ལ། འཛམ་གླིང་ཐོག་མང་གཙོའི་རྒྱལ་ཁབ་ཆེས་ཆེ་ཤོས་ཀྱི་སྲིད་འཛིན་ཨའོ་བྷ་མས་ཤི་ཅིང་ཕིན་ལ་བོད་ནང་ལག་བསྟར་བྱེད་བཞིན་པའི་ཁྲག་དྲི་འཐུལ་བའི་དྲག་སྤྱོད་དེ་དག་མྱུར་ཏུ་མཚམས་འཇོག་ཡོང་བར་སྐུལ་འདེད་གཏོང་དགོས་ཅེས་བརྗོད་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་བྷེན་ཁཱ་བྷོ་ཁུ་མན་ལགས་ཀྱིས། ད་ལྟ་རྒྱ་གཞུང་གིས་ཕྱོགས་གཅིག་ནས་བོད་རིགས་མི་མང་ལ་དྲག་གནོན་དང་ཕྱོགས་གཞན་ཞིག་ནས་སི་རའི་ཡ་དྲག་གཞུང་ལ་རྒྱབ་སྐྱོར་བྱས་ནས་མི་མང་དམར་གསོད་གཏོང་དུ་འཇུག་བཞིན་ཡོད་པས། མཛའ་གྲོགས་ཀྱི་ཉིན་མོར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིང་ཕིན་ཨ་རིའི་སྲིད་འཛིན་ཨའོ་བྷ་མས་ཐུག་འཕྲད་བྱེད་ས་ཞིག་ཡིན་ནམ། ངས་ཐུག་འཕྲད་བྱེད་འོས་པའི་མི་ཞིག་མ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། ཨ་རི་བས་རང་དབང་དང་མང་གཙོ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སོགས་ལ་ཧ་ཅང་དོ་ཁུར་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག

དེ་བཞིན་ཉི་ཡོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྟན་འཛིན་དབྱངས་གསལ་ལགས་ཀྱིས་བརྗོད་དོན། ཨ་རི་བ་ཚང་མས་གཞིས་ལུས་བོད་མི་ཚོར་རང་དབང་རང་བཙན་འཐོབ་པར་རེ་བ་བྱེད་ཀྱི་ཡོད་པར་ང་རང་ཡིད་ཆེས་ཡོད་ལ། ཤི་ཅིང་ཕིན་ནི་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་འགོ་ཁྲིད་ཅིག་ཡིན་པས། མཛའ་གྲོགས་ཀྱི་ཉིན་མོར་སྲིད་འཛིན་ཨའོ་བྷ་མས་ཕོ་བྲང་དཀར་པོའི་ནང་དུ་མཇལ་འཕྲད་བྱེད་འོས་པ་ཞིག་གཏན་ནས་མ་རེད་ཅེས་བརྗོད་ཡོད་པ་རེད།

ཕྱི་ཚེས་༡༤ཉིན། ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་སྲིད་འཛིན་ཨའོ་བྷ་མ་དང་ཤི་ཅིང་ཕིན་གཉིས་ཐུག་འཕྲད་བྱེད་སྐབས། ཕོ་བྲང་དཀར་པོའི་ཕྱི་ལོགས་སུ་རང་དབང་དང་མང་གཙོ་ལ་རྒྱབ་སྐྱོར་གནང་མཁན་བོད་རིགས་དང་རྒྱ་རིགས། ཡུ་གུར་བ། ཐའེ་ཝན་མི་རིགས། དེ་བཞིན་འགྲོ་བའི་ཐོབ་ཐང་ཚོགས་པ་སོགས་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཡ་ཡ་ད་ཡིན་ན། རྒྱ་ནག་རྒྱལ་ཁབ་ཆེན་པོ་འདི་ཁ་འཐོར་དུ་འགྲོ་བའི་ཉེས་ཁ་འདུག གང་ཡིན་ཞེ་ན། རང་དབང་དང་མང་གཙོ་ལ་དགའ་བའི་རྒྱལ་ཁབ་དང་། མི་མང་སྤྱི་དང་། བོད་རིགས། སོག་རིགས། ༼ཡུ་གུར་བ༽ ཐའི་ཝན། རྒྱ་རིགས། དེ་དང་དེ་བཞིན་མང་དག་ཞིག་གིས་ད་ལྟའི་རྒྱ་དམར་གཞུང་འདི་ཕྱེ་མར་བརླག་རྒྱུའི་དམིགས་རྩེར་བཟུང་འདུག ཧ་ཧ་ཧ། ད་ཡིན་ན་ཅིག་རེད་ས་རེད།
སྐུ་ལུས་མེ་མཆོད་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རེད། ཁྱེད་རྣམས་ཀྱི་རེ་བ་འགྲུབ་ངེས་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།