དགོངས་ཚུལ།

མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་༤༢པའི་གྲོས་ཆོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༣ཉིན། མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་(༤༢པ་ཕྱི་ལོ་༢༠༡༢ཟླ་༢ཚེས༡༠ནས་༡༢བར་ཉིན་གསུམ་ཚོགས་)པའི་ནང་དུ་བགྲོ་གླེང་དང་གོ་བསྡུར་བྱས་པའི་གྲུབ་དོན། ྋགོང་ས་མཆོག་གི་སྐུ་ཕྱྭའི་སྐོར་སྔར་ལྷག་ཚགས་ཚུད་དང་འབྱུང་འགྱུར་ཇི་དགོས་སྐོར་ཀྱི་གྲོས་གཞི།

སྔོན་བརྗོད།

འཇིག་རྟེན་སྤྱིའི་ཞི་བདེ་དང་བོད་ཀྱི་བདེན་མཐའ་གསལ་བའི་ལམ་སྟོན་གྱི་སྒྲོན་མེ། བོད་ཀྱི་མི་རིགས་རིག་གཞུང་དང་བཅས་པའི་སྲོག་རྩ་ཉག་གཅིག་པོ་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་ཉིད་ཡིན་པར་བརྟེན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་མིག་ནང་ྋགོང་ས་མཆོག་ནི་དགྲ་བོའི་དྭངས་མ་རང་དུ་བརྩིས་ནས། གནས་ལུགས་ཁྱད་བསད་དང༌། སྡིག་པ་མིག་བཙུམ་གྱིས་ད་བར་མཚན་སྨད་དང་སྐུར་འདེབས་རབ་དང་རིམ་པ་བྱས་པ་མ་ཟད། ད་དུང་གསང་བ་ཕྱིར་གྱར་གྱི་གཏམ་གླེང་ཁ་ཤས་ནང་སྦྲུལ་གསོད་པ་ལ་སྦྲུལ་མགོ་རྫོགས་དགོས་པའི་གྲོས་འགོ་བཏོན་ཚུལ་ཡང་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་པ་ལྟར་ལགས་ཤིང༌། ལྷག་དོན་ཉེ་སྔོན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས། རྒྱ་ཕྱོགས་ནས་གསང་བའི་སོ་ཉུལ་བརྒྱ་ཕྲག་མང་པོ་ཆེད་གཏོང་བྱས་ཚུལ་རྒྱ་གར་གསང་ལས་བརྒྱུད་གོ་ཐོས་བྱུང་བ་སོགས། ཆེས་ཉེན་ཁ་ཚ་བའི་གནད་དོན་འདི་རིགས་ནི་ང་ཚོ་འཛམ་གླིང་གང་སར་ཡོད་པའི་བོད་མི་མང་སྤྱི་ནས་དོགས་ཟོན་ནན་པོ་དགོས་པ་སྨྲོས་མེད་ཐོག རང་རེ་མདོ་ཁམས་ཆུ་སྒང་ནས་ཀྱང་དོ་སྣང་ཆེན་པོའི་སྒོ་ནས་ྋགོང་ས་མཆོག་གི་སྐུའི་ཕྱྭའི་ཉེན་སྲུང་ཐོག་གྲོས་ཆོད་འཇོག་དགོས་ངེས་སུ་མཐོང༌།

གྲོས་ཆོད།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཚགས་ཚུད་ཐད་ད་བར་གཙོ་བོ་རྒྱ་གར་གཞུང་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཅས་ནས་སྲུང་བྱའི་འགན་ཁུར་གང་གཟབ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་ཡང་གལ་ཆེ་ནན་ཏན་གྱི་སྒོ་ནས་རྒྱ་གར་གཞུང་དང༌། རང་གཞུང་གཉིས་ཀར་ྋགོང་ས་མཆོག་གི་སྐུ་ཕྱཱའི་ཉེན་སྲུང་ཆེད་གལ་ཆེའི་སྙན་གསན་འབུལ་རྒྱུ།

ྋགོང་ས་མཆོག་ནི་བོད་གངས་ཅན་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཡིན་པས་རྟེན་འབྲེལ་ལྟོས་གྲུབ་ཀྱི་བླ་སློབ་ཀྱི་འབྲེལ་བ་གཏིང་ཟབ་ལྡན་སྟབས། དོ་བདག་སོ་སོ་མི་རེ་ངོ་རེ་ནས་ནས་ཁ་ཞེ་གཉིས་མེད་ཀྱིས་དད་པ་དམ་ཚིག་ཚུལ་བཞིན་སྲུང་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ།

ྋགོང་ས་མཆོག་གི་སྐུ་ཕྱྭའི་ཆེད་ས་གནས་ཁག་ནས་རྣམ་དཀར་དགེ་སྒྲུབ་རིམ་འགྲོ་གསོག་བསྒྲུབ་བྱ་རྒྱུ་དང༌། དེའི་སྒྲུབ་ཐོ་ཆུ་སྒང་དབུས་རྒྱུན་ལ་འབུལ་ལམ་ཞུ་རྒྱུ།

བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་གཞི་གྲོས་ཆོད།

གྲོས་གཞི།

བོད་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་བོད་རང་དབང་སླར་གསོའི་རྩ་དོན་འཐབ་རྩོད་ལ་རླབས་ཆེན་མཛད་རྗེས་ལྡན་པའི་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དབུས་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་ཁོངས་སུ་ཞུགས་མྱོང་ཡོད་པ་རྣམས་ཀྱིས་གཙོས་སྔོན་གཤེགས་བོད་ཀྱི་དཔའ་བོ་རྣམས་དང༌། དེང་གི་ཆར་རང་ལུས་མེར་སྦར་བ་ཚུན་གྱི་ལམ་ནས་བོད་དོན་འཐབ་རྩོད་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་མནར་གཅོད་དང་སྡུག་སྦྱོང་འོག་འདས་གྲོངས་སུ་གྱུར་པ་རྣམས།  གཞན་ཡང་བོད་ཆག་འཇིག་གི་གཉན་འཕྲང་དུ་གྱུར་བའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་དང༌། ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་དཔུང་པ་གཡས་པ་ལྟ་བུའི་མཛད་འགན་ལོ་མང་བཞེས་གནང་མཁན་སྐུ་གཤེགས་སྐུ་ངོ་བཀའ་བློན་ཁྲི་ཟུར་མི་རྗེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང༌།  བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྡེ་དགེ་བྱ་རྒོད་སྲས་དོན་ཡོད་བཅས་ཀྱི་མཛད་རྗེས་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་བའི་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང༌།

གྲོས་ཆོད།

༡. བོད་དུས་འགྱུར་གཉན་འཕྲང་སྐབས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རྒྱལ་སྲུང་དགྲ་འཐབ་ཀྱི་མཛད་རྗེས་རླབས་ཆེན་འཇོག་གནང་མཁན་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་སོགས་སྔོན་གཤེགས་དཔའ་བོ་ཚོའི་མཛད་རྗེས་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ།

༢. དེང་གི་ཆར་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་སྲིད་བྱུས་འོག་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་སྦར་བ་ཚུན་གྱི་ལམ་ནས་ཞི་རྒོལ་འཐབ་རྩོད་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཚོའི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ།

༣.  དབུས་བོད་མིའི་སྒྲིག་འཛུགས་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་གནང་མཁན་དང༌། རང་རེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཀ་བ་འདྲ་བའི་མི་རྗེ་སྐུ་གཤེགས་བཀའ་བློན་ཁྲི་ཟུར་མི་རྗེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང༌།  ཨ་རིའི་གསང་བའི་ལས་ཁུངས་ནས་དམག་སྦྱོང་གནང་ཞིང༌། དུས་བབ་གཉན་འཕྲང་ཅི་ཆེའི་སྐབས་བོད་དུ་རྒྱལ་སྲུང་དགྲ་འཐབ་ཀྱི་མཛད་རྗེས་རླབས་ཆེན་ལྡན་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྡེ་དགེ་བྱ་རྒོད་སྲས་དོན་ཡོད་རྣམ་གཉིས་ཀྱི་མཛད་རྗེས་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ།

བོད་བསྟན་སྲིད་ལ་སྨན་པའི་ཆབ་སྲིད་ལས་འགུལ་ཐད་ཀྱི་གྲོས་གཞི།

སྔོན་བརྗོད།

མདོ་ཁམས་ཆུ་སྒང་ཚོགས་པ་འདི་བཞིན་བོད་བསྟན་སྲིད་གཉིས་ཀྱི་གནས་བབ་ཆེས་ཛ་དྲག་ཏུ་གྱུར་སྐབས་བོད་རང་དབང་སླར་གསོའི་ཆེད་མདོ་ཁམས་དཔའ་བོ་དཔའ་མོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་ལམ་ནས་བཙུགས་པའི་རྒྱལ་གཅེས་བཙན་རྒོལ་གྱི་ཚོགས་སྡེ་ཞིག་ཡིན་པ་ལྟར།  ཚོགས་པའི་སྒྲིག་གསལ་དམིགས་ཡུལ་བཞིན་བོད་བསྟན་སྲིད་ཀྱི་དོན་དུ་དགྲ་བོ་ལ་མཐའ་གཅིག་ཏུ་བདེན་པ་ར་སྤྲོད་ཀྱི་འཐབ་རྩོད་བྱེད་རྒྱུ་ཡིན་ལ། འདས་དང་ད་ལྟའི་དུས་ཡུན་ནང་བོད་བསྟན་སྲིད་ཀྱི་རང་དབང་སླར་གསོའི་དོན་དུ་བོད་མི་དམར་གསོད་བཙོན་འཇུག་དང༌། སྡུག་སྦྱོང་སྡུག་གསོད་བཏང་བ་ནས་དེང་སྐབས་བོད་མིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་སོགས་མདོར་ན་རྒྱལ་གཅེས་དཔའ་བོ་ཕོ་མོ་ཚོས་ཚེ་སྲོག་བློས་གཏོང་གནང་བ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་བོད་དོན་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ཐད་གྲོས་ཆོད་ཅིག་འཇོག་གལ་མཐོང༌།

གྲོས་ཆོད།

༡. དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་འོག་བོད་དོན་ལས་འགུལ་སྤེལ་སྐབས་མདོ་སྟོད་སེར་སྐྱ་མི་མང་མ་སྐུལ་དྭངས་བླངས་ཀྱིས་མཉམ་ཞུགས་དགོས་རྒྱུ་དང༌། དབུས་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་ས་གནས་ཁག་སོ་སོར་དེ་དོན་བཀོད་ཁྱབ་གཏོང་རྒྱུ།

༢. གཞུང་འབྲེལ་མིན་པའི་ཚོགས་པ་ཚད་ལྡན་ཁག་གིས་བོད་དོན་ལས་འགུལ་ལ་མི་མང་མཉམ་ཞུགས་གནང་བར་དགའ་བསུ་དང༌། ཆུ་སྒང་ཚོགས་པའི་གོ་སྒྲིག་འོག་སྐབས་བསྟུན་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ།

༣. ཆུ་སྒང་ཚོགས་པའི་གོ་སྒྲིག་འོག་ཡུལ་དུས་གནས་བབ་ལ་གཞིག་ནས་ཆབ་སྲིད་མཁས་ཅན་གང་མང་གདན་ཞུས་ཐོག་བོད་རྒྱའི་གནས་བབ་ཐོག་བགྲོ་གླེང་གནང་རྒྱུ།

༤.. དེང་གི་ཆར་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཚོས་རང་ལུས་མེར་བསྲེགས་གཏོང་བ་ཚུན་གྱི་ལམ་ནས་བོད་དོན་བདེན་པའི་ཞི་རྒོལ་གནང་བར། རྒྱ་དམར་གཞུང་གིས་གནད་དོན་དངོས་གང་ཡིན་ཞིབ་འཚོལ་གྱི་ཚབ་ཏུ་གདུག་རྩུབ་ཆེ་བའི་དྲག་གནོན་འོག་བོད་མིར་མནར་གཅོད་སྡུག་སྦྱོང་ཚད་མེད་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་དང༌། བོད་ནང་གི་ད་ལྟའི་ད་དྲག་གནས་སྟངས་དང་འབྲེལ་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་སྤེལ་རྒྱུ།

༥. བོད་མིས་བོད་དོན་བདེན་པའི་འཐབ་རྩོད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་ལས་འགུལ་སྤེལ་བར་རྒྱ་དམར་གཞུང་གིས་དེ་བྱས་དེ་ལན་གྱི་ཚུལ་དུ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་བོད་མིའི་ནང་ཁུལ་ཆིག་སྒྲིལ་གཏོར་བཤིག་གཏོང་ཆེད་འགྲོ་གྲོན་ཕངས་མེད་གཏོང་བཞིན་ཡོད་པས། ཆུ་སྒང་ཚོགས་པའི་ངོས་ནས་དུས་ཀུན་དོགས་གཟབ་དགོས་པ་བརྗོད་མུས་ལྟར་བོད་མི་ཚང་མས་ཡིད་གཟབ་དོ་ནན་དགོས་པའི་དྲན་སྐུལ་ནན་པོ་ཡིག་ངག་གཉིས་ཐོག་ནས་ཞུ་རྒྱུ།

༦. དེང་གི་ཆར་བོད་དུ་བོད་མིས་བོད་རང་དབང་སླར་གསོའི་འཐབ་རྩོད་བྱེད་བཞིན་པར་རྒྱ་དམར་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པར་བརྟེན། བཙན་བྱོལ་དུ་ཡོད་པའི་ཁམས་རིགས་རྒྱ་ཆེའི་མི་མང་གིས་རང་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཆེད་བོད་ཆུ་འབྲུག་ལོའི་ལོ་གསར་སྤྲོ་སྐྱིད་མི་གཏོང་རྒྱུ་མ་ཟད། འདས་དང་ད་ལྟའི་སྔོན་གཤེགས་དཔའ་བོ་ཕོ་མོ་ཚོའི་ཆེད་དུ་རྣམ་དཀར་དགེ་སྒྲུབ་གནང་དགོས་པའི་ཐད་ཆུ་སྒང་ས་གནས་ཁག་ལ་བཀོད་ཁྱབ་གནང་རྒྱུ།

ཤེས་ཡོན་སྐོར་གྱི་གྲོས་གཞི།།

སྔོན་གླེང་།

ཤེས་ཡོན་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུར་མེད་དུ་མི་རུང་བ་ཞིག་ཡིན་པ་དང༌། རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་རིག་རྩ་མེད་བཏང་དང་གཏོང་བཞིན་པར་གདོང་ལེན་དང༌། མ་འོངས་པར་བོད་མི་སྤྱི་དང་ལྷག་པར་མདོ་སྟོད་མི་མང་གི་གནའ་དེང་གི་ཤེས་ཡོན་ཡར་རྒྱས་ཡོང་ཆེད་སྔར་ལྷག་ཐུགས་སྣང་དགོས་པའི་གྲོས་ཆོད་ཅིག་འཇོག་དགོས་མཐོང༌།

གྲོས་ཆོད།

༡. བཙན་བྱོལ་དུ་ཡོད་པའི་མདོ་སྟོད་ན་གཞོན་ཤེས་ཡོན་པ་རྣམས་ལ་བདག་སྐྱོང་ཆེད་ད་ཡོད་མཐོ་སློབ་སློབ་ཡོན་འབུལ་བཞིན་པ་དེ་སྔར་ལྷག་ཡར་རྒྱས་ཚགས་ཚུད་གཏང་ཐབས་ལ་བརྩོན་རྒྱུ།

༢. ཤེས་ཡོན་གྱི་གནས་ཚད་མཐོ་བའི་མདོ་སྟོད་སློབ་ཕྲུག་ལས་དྲག་འདེམས་ཀྱིས་ཕྱི་རྒྱལ་ཁག་གི་མཐོ་སློབ་གྲགས་ཅན་སོགས་སུ་གཏོང་ཐབས་དང༌། བོད་ནང་གི་མདོ་སྟོད་མི་མང་གི་ཤེས་ཡོན་ཡར་རྒྱས་གཏོང་བར་ཐབས་འཚོལ་གང་ཐུབ་བྱ་དགོས་རྒྱུ།

༣. ད་ལྟའི་ཆར་བཙན་བྱོལ་སློབ་གྲྭ་ཁག་ནང་གི་མདོ་སྟོད་མདོ་སྟོད་ཁྱབ་ཁོངས་ནས་ཡིན་པའི་སློབ་སྦྱོང་སྐྱོ་བོའི་རིགས་དེ་དག་ལ་དམིགས་བསལ་ཤེས་ཡོན་སློབ་གསོ་ལམ་སྟོན་གྱིས་ཡར་རྒྱས་གཏོང་ཐབས་བྱ་རྒྱུ།

དབུས་ཆུ་སྒང་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་གྲོས་གཞི།

གྲོས་གཞི།

ཆུ་སྒང་འགན་འཛིན་ལྷན་ཚོགས་འཚོགས་དགོས་དོན་ནི། དབུས་རྒྱུན་ལས་ཀྱི་དུས་ཡུན་དེའི་རིང་གི་འཛིན་སྐྱོང་གི་ལས་ཀ་དང༌། བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲའི་གནས་སྟངས་ཇི་བཞིན་ས་གནས་ཁག་གིས་མཁྱེན་རྟོགས་ཡོང་ཐབས་དང༌། ས་གནས་ཁག་གིས་ལས་འགུལ་གང་ཞིག་གནང་ཡོད་པ་དང༌། བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲའི་གནས་སྟངས་སྐོར་དབུས་ནས་མཁྱེན་རྟོགས་ཡོང་སླད་ཡིན་ཡང༌། དེ་སྔོན་གནས་སྟངས་འདྲ་མིན་གྱི་འོག་ནས། ས་གནས་མི་ཉུང་བ་ཞིག་གི་ལས་བསྡོམས་དང་རྩིས་ཁྲ་དུས་ཐོག་སྤྲོད་འབུལ་ཐོག ཚགས་ཚུད་མ་བྱུང་བ་དེ་རིགས་ལེགས་བཅོས་མཇུག་སྐྱོང་ཡོང་སླད་གྲོས་ཆོད་གཅིག་འཇོག་གལ་ཆེ་བར་མཐོང༌།

གྲོས་ཆོད།

ད་ནས་བཟུང་ཆུ་སྒང་འགན་ལྷན་ནམ་འཚོགས་སུ་ས་གནས་ཁག་སོ་སོ་ནས། དུས་ཡུན་དེའི་རིང་གི་ལས་བསྡོམས་དང༌། རྩིས་ཁྲ་དུས་འགྱང་མེད་པར་འགན་ལྷན་ཚོགས་ཆེན་ཐོག་ངེས་གནང་དགོས་རྒྱུ།

ནང་ཁུལ་སྤྲོད་སྡོད་དང་འབྲེལ་བའི་གྲོས་ཆོད།

ཆུ་སྒང་ནང་ཁུལ་བསྤྲད་སྡོད་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་ལྟར། དབུས་རྒྱུན་དྲུང་ཟུར་རེ་ཁེ་ཀརྨ་རྡོ་རྗེ་ནས་དབུས་ཆུ་སྒང་ལ་དངུལ་སྤྲོད་བསྡད་ཧིན་སྒོར་༣༦༣༣༤་དང༌། སྒ་པ་ཆོས་སྐྱོང་རྣམ་རྒྱལ་ལགས་ནས་དངུལ་ཆད་ཧི་སྒོར་ ༢༠༠༠༡། དབུས་རྒྱུན་ཚོགས་ཟུར་དཀོན་མཆོག་ནོར་བུ་ལགས་ནས་ཆད་དངུལ་ཧིན་སྒོར ༥༠༣༠༨༩ བཅས་དུས་ཐོག་རྩིས་འབུལ་གཙང་མ་བྱུང་བར་བསྔགས་བརྗོད་དང༌།  དབུས་རྒྱུན་ཚོགས་གཙོ་ཟུར་པ་འཆི་མེད་རྡོ་རྗེ་ལགས་ནས་ཆད་དངུལ་ཧིན་སྒོར ༣༢༧༤༧༤  སྤྲོད་དགོས་པའི་ཞིབ་འཇུག་ཚོགས་ཆུང་གིས་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་ཞུས་ཀྱང་ད་བར་འབུལ་སོན་མ་བྱུང་བར་ཚོགས་ཆུང་གི་ངོས་ནས་གཏམ་དོན་གཉིས་མེད་དང་མིས་འཕྱ་རང་སྡུག་གི་སྔོ་ལོ་མི་འཕྱར་ཆེད་༢༠༡༢ ཟླ ༦ ཚེས ༡༨ བར་དུས་འགྱངས་གནང་རེ་འབོད་སྐུལ་ཞུས་དོན་བཞིན་དུས་བཀག་ནང་ཚུད་ཆད་དངུལ་གཙང་འབུལ་དགོས་ངེས་དང༌། དུས་བཀག་ནང་ཚུད་དངུལ་ཆད་རྩིས་འབུལ་གཙང་སེལ་ཞུས་ན་ཚོགས་ཆེན་གྱི་གྲོས་ཆོད་དུ་གསལ་བ་ལྟར་ལག་བསྟར་བྱ་རྒྱུ་དང༌། གལ་སྲིད་ད་དུང་གཡས་ཁག་གཡོན་དཀྲི་འདྲ་མིན་ཀྱིས་སྤྲོད་སྡོད་གཙང་སེལ་མ་ཞུས་ཚེ་ཚོགས་ཆེན་གྱི་སྤྱི་མོས་གྲོས་ཆོད་ནང་” ཚོགས་ཆུང་གིས་ཐག་ཆོད་གང་གནང་ལ་དོ་བདག་སོ་སོས་ཀ་ཀོར་མེད་པར་དང་ལེན་ངེས་པར་དུ་བྱ་དགོས་རྒྱུ” ཞེས་དང།  “ཅི་སྟེ་དང་ལེན་མ་བྱས་ཚེ་དེ་དང་བསྟུན་པའི་གསལ་བསྒྲགས་མདོ་ཁམས་རྒྱ་ཆེའི་མི་མང་ཡོངས་ལ་བྱ་དགོས ་”ཞེས་ཕེབས་པ་ལྟར། དངུལ་ཆད་སྤྲོད་འབུལ་མི་བྱེད་མཁན་སུ་ཡིན་རུང༌། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང༌། བུ་ལོན་སྒྲུབ་འཇལ་མི་ཐུབ་མཁན་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བརྒྱུད་ལམ་ཁག་ཏུ་རྒྱ་ཆེ་སྤེལ་དགོས་རྒྱུ། དབུས་མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས ༤༢ པས། སྤྱི་ལོ ༢༠༡༢ ཟླ་ ༢ ཚེས ༡༢ ཉིན།

ཕྲུ་གུ་མཐོ་སློབ་སློབ་ཡོན་ཞུ་མཁན་རྣམས་ཀྱི་མིང་གཞུང་རྒྱན་ཐོན་བྱུང་བ།

ཕྲུ་གུ་མཐོ་སློབ་སློབ་ཡོན་ཞུ་མཁན་རྣམས་ཀྱི་མིང་གཞུང་རྒྱན་རྒྱག་ནང་འབྱོར་བའི་སློབ་མ་ ༤༡ ཡོད་ལ་ལས་རྒྱན་ཐོན་བྱུང་བའི་སློབ་མ་གྲངས་ ༢༠ བྱུང་བའི་མཚན་གཞུང༌།

༢༠༡༢ ལོའི་མཐོ་རིམ་སློབ་མར་སློབ་ཡོན་རྒྱན་ཀྲུག་བྱས་པའི་མིང་གཞུང་གཤམ་གསལ།

ཨང༌།       མཚན།     ས་གནས།           ཁ་བྱང།    མཚན་རྟགས།

བསྟན་འཛིན་མེ་ཏོག།      མེན་པ་ཏི།         Camp 1, H-25

དོན་གྲུབ་སྒྲོལ་མ།              སྦེལ་ཀོབ།         Camp-3, H-55

འཇིགས་མེད་རྡོ་རྗེ།                སྦེལ་ཀོབ།                Camp-5, H-56

བསོད་ནམས་ལྷ་མོ།                སྦེལ་ཀོབ།                Camp-4, H-11

རིག་འཛིན་རྣམ་རྒྱལ།             སྦེལ་ཀོབ།                Camp-14, H-18

ལྷག་པ་ཆོས་སྐྱིད།    ལ་དྭགས།                Ladakh CG

ཟླ་བ་བཀྲ་ཤིས།       ལ་དྭགས།                Ladakh CG

ངག་དབང་མཚོ་བྱུང།             རྡེ་ར་གདུན།            225 TWC Rajpur

ཨོ་རྒྱན་རྒྱ་མཚོ།       བདེ་སྐྱིད་གླིང།        B-104, Group 5

༡༠ བྱམས་དཔལ་བཀྲིས།              ཏི་ཛུ།       Camp -5, H-11

༡༡ བསྟན་འཛིན་དཔལ་འབྱོར།   མ་ན་ལི།  Market Shop 19

༡༢ བསམ་གཏན་དོན་གྲུབ།          རྡ་ས།       Dasa Chugang 9736363592

༡༣ ཀརྨ་རྒྱ་མཚོ།            རྡ་ས།       Dasa Chugang 973636592

༡༤ ངག་དབང་ཚེ་དཔལ།             སྦིར་སྡེ་དགེ།            House-56,Dege

༡༥ ཉི་མ་མཚོ།               བལ་ཡུལ།                Boudha,Kathmandu

༡༦ བཀྲིས་ཚེ་སྐྱིད།        མོན་གྷོ།    Camp 7, House 49

༡༧ བཀྲིས་སྒྲོལ་མ།        མོན་གྷོ།    Camp 6, House 21

༡༨ བསྟན་འཛིན་མཆོག་ཚེ།          མོན་གྷོ།    Camp 1, Mundgod

༡༩ ལྷག་པ་སྒྲོལ་མ།       མོན་གྷོ།    Jangtse Dora

༢༠ པདྨ་ཆོས་འཛོམས།  ཅོན་ཏ་ར།               Chauntra Chugang

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༤༢༠༡༢༢༣༣༥
བསོད་ནམས་དབང་ཕྱུག
མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ལོ་རྟག་པར་སློབ་ཕྲུག་གྲངས་ཉི་ཤུ་ལ་སློབ་ཡོན་གནང་བ་དེ་དཔེ་ཡག་པོ་རེད་རྗེས་སུ་ཡི་རང་ཡོད། ད་དང་མ་འོང་པར་དེ་ལས་ལྷག་པའི་ཡར་རྒྱས་གཏོང་བའི་རེ་བ་ཡོད།
2 ༡༤༢༠༡༢༡༡༣༩
མདོ་ཁམས་ཆུ་བཞི་སྒང་དྲུག་ཁྱབ་ཁུང་ནས་སློབ་ཡོན་སློབ་ཕྲུག་གྲངས་ ༢༠་འབུལ་རྒྱུ་གྲོས་ཆོད་ནང་བཞིན་ཚོགས་ཆེན་ཐོགས་གཏན་ཁེལ་བྱུང་བ་རྗེས་སུ་ཡི་རང་དང་གྲོས་ཆོད་ནང་གཞེས་བཞུགས་བོད་མའི་མངོན་འདོད་ནི་རང་བཙན་ཡིན་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་དམིགས་ཡུལ་ནི་རང་བཙན་ཡིན་པའི་གྲོས་ཆོད་བཞིན་གནད་དུ་སྨིན་པའི་ཡིད་འཇགས་ཡོད་པ་ཞུ་
1 ༡༣༢༠༡༢༡༥༡༨
གྲོས་ཆོད་འཇོག་རྒྱུ་ལས་ལག་ལེན་དངོས་ལ་ཞུགས་དགོས། ཁ་སྟོང་པས་གྲོས་ཆོད་ཇི་ཙམ་འཇོག་ཀྱང་གྲུབ་འབྲས་གང་ཡང་འབྱུང་མི་སྲིད་པས་དེ་ལུགས་དགོངས་འཇགས་གནང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།