བོད་མི་མང་སྤྱི་འཐུས་ཀྱི་གསར་འགོད་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༡ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན། ནང་ཆེན་རྫོང་ལབ་དགོན་པའི་དགེ་འདུན་པ་བསོད་ནམས་རབ་ཡང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ནས་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག

གསལ་བསྒྲགས་ནང་འཁོད་དོན། ཕྱི་ཟླ་ ༢ ཚེས་ ༨ ཉིན། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་གནང་བའི་འཛམ་གླིང་ཁྱོན་དུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་གཞུང་གི་དམ་དྲག་ལ་ལྟོས་མེད་ཀྱིས། བོད་ནང་ཞི་བའི་སྒོ་ནས་ལྷག་དཀར་སྲུང་བརྩིའི་ལས་འགུལ་གང་སར་སྤེལ་འདུག་པ་དང་། དེ་ཉིན་ཨ་མདོ་རྔ་བར་རིག་འཛིན་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། ཁམས་བྲག་འགོར་ནོར་པ་གྲྭ་ཡེ་ཤེས་རིག་གསལ་ལགས་དང་། ཁོང་གི་གཅུང་པོ་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བཏང་བ་དང་། ནང་ཆེན་རྫོང་ཐོག་ཏུ་ས་ཁག་གཉིས་དང་། ཁྲི་འདུ་རྫོང་ཟིལ་དཀར་དགོན་པའི་དགེ་འདུན་པ་དང་ཉེ་སྐོར་གྱི་མང་ཚོགས་ ༡༤༠༠ ཙམ་གྱིས་ལྷག་དཀར་སྲུང་བརྩིའི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཡོངས་བསྒྲགས་ཟིན་པ་དེ་ལྟར་ཡང་།

ད་ལྟ་གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། གོང་ཚེས་ཉིན་ཁྲི་འདུ་རྫོང་ལབ་དགོན་པའི་དགེ་འདུན་པ་ཚོ་རྫོང་ཐོག་ཏུ་རྔམ་སྟོན་ཁྲོམ་སྐོར་དུ་བསྐྱོད་སྐབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་མདུན་བཀག་བྱས་ཏེ་འགྲོ་རུ་བཅུག་མེད་པ་དང་། དེའི་རྗེས་ལབ་དགོན་པའི་དགེ་འདུན་པ་རང་ལོ་ ༣༧ ཙམ་ཡིན་པ་བསོད་ནམས་རབ་ཡངས་ལགས་ཀྱི་ཁྲི་འདུ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། དེ་འཕྲལ་སྤྱི་བདེ་མི་སྣས་བཙན་ཁྲིད་ཀྱིས་ཤི་གསོན་ཇི་ཆགས་ཆ་མི་འཚལ་པར་གྱུར་ཡོད་ཅིང་། ཁ་ཤས་ཀྱི་བཤད་ཚུལ་ལྟར་ན་བསོད་ནམས་རབ་ཡངས་ལགས་ཟི་ལིང་ཕྱོགས་སུ་ཁྱེར་ཡོད་གནས་འདུག

སྤྱི་འཐུས་ལྷན་ཚོགས་ནས་ཆེས་ཛ་དྲག་གི་གནས་སྟངས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང་། སྤྱི་ལྷན་གྱི་གསལ་བསྒྲགས་སྔ་རྗེས་དང་། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་འབུལ་འགྲེམས་ཞུས་པའི་ནང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དོན་གནད་ ༧ འཁོད་པ་དེ་དག་ཐོག་རྒྱ་གཞུང་གིས་བསམ་ཞིབ་མ་ལན་མ་འགྱོད་པ་ཞིག་དགོས་པའི་རེ་འདུན་བསྐྱར་ནན་ཞུ་རྒྱུ་ཡིན་ལ། ཛ་དྲག་གི་གནས་སྟངས་ཞི་འཇགས་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད་ཅེས་འཁོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།