བོད་མི་ཚོ་ཁེར་རྐྱང་མིན་པའི་བརྡ་ལན་སྐྱེལ་དུ་ཡོང་བ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༠ཉིན། ཟླ་འདིའི་ཕྱི་ཚེས་༨རེས་གཟའ་ལྷག་པའི་ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་༡༥༠ལྷག་མཉམ་འཛོམས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་གསུང་འདོན་དང་མར་མེའི་ཁྲོམ་སྐོར་བྱས་ཡོད་འདུག

རྒྱ་གཞུང་གི་བཙན་གནོན་འོག བོད་རིགས་སེར་སྐྱ་༢༡རང་ལུས་མེར་བསྲེགས་བཏང་བ་དང༌། བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་ནང་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་༡༥༠ལྷག་འདུ་འཛོམས་ཀྱིས། དགེ་འདུན་པ་ཚོས་དབུ་འཁྲིད་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་སྤུན་ཟླ་ཚོའི་ཆེད་དུ་སྨོན་ལམ་གསུང་འདོན་གནང་ཡོད་པ་མ་དང༌། ལས་འགུལ་བ་ཚོས་རྒྱ་གཞུང་གིས་ཉེས་མེད་བོད་རིགས་མི་མང་དམར་གསོད་གཏོང་མཚམས་མྱུར་ཏུ་འཇོག་རོགས་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། ཕྱི་དྲོ་མི་མང་གིས་མར་མེའི་ཁྲོམ་སྐོར་གནང་སྐབས། དབྱིན་ལན་དང་བྱང་ཡོ་རོབ་ཁུལ་གྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

འདི་ག་གསར་ཁང་གི་གསར་འགོད་པས་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། མི་འདི་འདྲ་མང་པོ་ཞིག་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་བསྟན་པར་ཧ་ཅང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ད་ལྟའི་ཆར་རྒྱ་གཞུང་གི་བཙན་གནོན་འོག རང་རིགས་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་བཏང་བ་དེར་བློ་ཕམ་ཆེན་པོ་བྱུང་ཞེས་དང༌།

མར་མེའི་ཁྲོམ་སྐོར་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་པའི་འཐབ་རྩོད་དེ་འཚེ་མེད་པའི་ཐོག་ནས་འགྲོ་བཞིན་པ་ཤེས་རྟོགས་བྱུང་ཡོད་ལ། ཀུན་གྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་ཀྱང་རེད། ང་ཚོ་དེ་རིང་འདིར་འཛོམས་ནས་རྒྱ་གཞུང་ལ་བོད་ནང་གི་བོད་པ་ཚོ་ནམ་ཡང་ཁེར་རྐྱང་མིན་པའི་བརྡ་ལན་དེ་སྐྱེལ་དུ་ཡོང་བ་ཡིན་ཞེས་སོགས་གསུངས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།