ཆོས་དཔོན་ཌེ་སི་མོན་ཊུའུ་ཊུའུ་མཆོག་བཞུགས་སྒར་དུ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༠ཉིན། ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊུའུ་ཊུའུ་མཆོག་( Desmond Tutu )དང་ལྕམ་ནོ་མཱ་ལི་ཛོ་ལའི་(Nomalizo Leah Shenxane )རྣམ་གཉིས་རྒྱ་གར་དུ་ཉིན་ལྔའི་མཚམས་གཟིགས་སུ་ཕེབས་ཡོད་པ་དང་། དེ་རིང་སྔ་དྲོ་ཁོང་དང་ཁོང་གི་ལྕམ་བཅས་བཞུགས་སྒར་དྷ་རམ་ས་ལར་ཕེབས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀང་ར་རྫོང་ཁོངས་སུ་ཡོད་པའི་གྷ་གྷིལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

དེ་རྗེས་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་དཔོན་ཌེ་སི་མོན་ཊུའུ་ཊུའུ་མཆོག་ལ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དྷ་རམ་ས་ལའི་ས་གནས་ཀྱི་ཡུལ་མི་རྒན་གྲས་སྐུ་ཞབས་ཨ་ཇེ་སིང་མཆོག རྒྱ་གར་བྱང་ཕྱོགས་ཡེ་ཤུའི་ཆོས་སྡེའི་བླ་མ་པར་དྷིབ་ཀུ་མར་ས་མན་ཊེ་རོ་ཡེ་མཆོག་བཅས་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་གཙོས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་གཙོ་གཞོན་གཉིས་ཀྱི་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། ཁྲིམས་ཞིབ་པ་རྣམ་པ། གཞུང་ཞབས་པ། གྲྭ་བཙུན་དང་། སློབ་མ། དྷ་ས་གནས་སྡོད་བོད་རིགས་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་༣ཙམ་ཞིག་འདུ་འཛོམས་བྱས་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་ཆོས་དཔོན་མཆོག་ལ་རྣམ་རྒྱལ་མཆོད་རྟེན་ཞིག་ཕྱག་རྟགས་སུ་འབུལ་གནང་མཛད་པ་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་དྷ་རམ་ས་ལའི་གནམ་གཤིས་འགྱུར་ལྡོག་གི་ཁྲོད་ནས་ཁ་སང་དང་དེ་རིང་གནམ་གཤིས་ཧ་ཅང་ཡག་པོ་བསྟན་ཡོད་པ་རེད། དེ་རིང་འདིར་ཉི་འོད་དྲོད་སྐྱིད་དང་ལྡན་པ། རླུང་གཙང་མ། ཁོར་ཡུག་དགུན་ཁའི་དུས་ཚོད་ཡིན་དུས་ལོ་མ་དེ་འདྲ་ཡོད་པ་མ་རེད་དེ། གང་ལྟར་ཁོར་ཡུག་མཛེས་ལྡུག་ལྡན་པ་དེ་འདྲ་ཞིག་གི་འོག་ལ་འཛམ་བུ་གླིང་འདིའི་སྒང་ལ་སྙན་གྲགས་ཡོད་པ། སྙན་གྲགས་དེ་ཡང་གནས་ཚུལ་བྱེ་བྲག་པ་གཅིག་བྱུང་ནས་དེའི་སྒང་ནས་བྱུང་བ་ཞིག་ཀྱང་མ་རེད། ལོ་ནས་ལོ་བསྟུན་ནས་མི་ཚེ་གཅིག་གི་རིང་ལ་བདེན་དོན་ཆེད་བྱ་བ་རླབས་ཆེན་མཛད་མཁན་གྱི་མི་ཞིག་དེ་རིང་འདིར་ཕེབས་ནས་དགའ་བསུ་ཞུ་བའི་གོ་སྐབས་བྱུང་བ་རེད། ང་ཚོ་ཚང་མས་སེམས་ནང་དགའ་ཚོར་དང་སྤོབས་པ་སྐྱེས་བྱུང་།

དེ་དང་ཆབས་ཅིག་ཁོང་མི་རྩ་ཆེན་པོ་ཞིག་ང་ཚོའི་ས་ཆ་ཁུག་ཀྱོག་ཅིག་ལ་དེ་རིང་ཁོང་རང་ཡང་ཕེབས་འདོད་གནང་བ་དང་ངས་ཀྱང་གདན་འདྲེན་ཞུས་ནས་ཕེབས་པ་རེད། དེ་བཞིན་དུ་ང་ཚོ་སྡོད་སའི་ས་གནས་རྒྱ་གར་ཡུལ་མིའི་བགྲེས་གཙོ་ཁོ་རང་ཡང་དེ་རིང་འདིར་ཆེད་དུ་གདན་འདྲེན་ཞུས་ནས་ཕེབས་པ་རེད། འདས་པའི་ལོ་ངོ་༥༠ནང་སྐབས་རེར་རྙོག་དྲ་ཕྲན་བུ་ཕྲན་བུ་དེ་འདྲ་ཡོང་གི་རེད། འོན་ཀྱང་སྤྱིའི་ཆ་ནས་ང་ཚོ་སྤུན་ཟླའི་འདུ་ཤེས་བཟུང་ནས་བསྡད་པ་རེད།

ཊུའུ་ཊའུ་ཁོ་རང་ཡེ་ཤུའི་ཆོས་པ་ཞིག་རེད། དེ་དང་ཆབས་ཅིག་ཁོང་དང་འབྲེལ་བ་ཡོད་བསྡད་པ་རྒྱ་གར་བྱང་བརྒྱུད་ས་ཁུལ་གྱི་ཡེ་ཤུའི་ཆོས་པ་ཞིག་ཀྱང་འདིར་ཕེབས་ཡོད་པ་རེད། ཊུའུ་ཊུའུ་ཁོང་ང་རང་སྒེར་ངོས་ལ་ཆགས་བཞག་ནའང་ལུང་པ་འདྲ་མིན་ནང་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་ལྷན་འཛོམས་སྐབས་སུ་ཁོང་དང་མཇལ་རྒྱུའི་གོ་སྐབས་མང་པོ་བྱུང་བ་རེད། སྤྱིར་ཁོང་ཉིད་མི་འཚེ་བ་མེད་པའི་བྱམས་བརྩེའི་ལྟ་གྲུབ་འཛིན་མཁན། དྲང་བདེན་དང་འདྲ་མཉམ་ཐོག་དམིགས་བསལ་ཐུགས་འཁུར་བཞེས་མཁན་ཞིག་རེད། ཡང་སྒོས་ལྷོ་ཨ་ཧྥི་རི་ཁའི་ལུང་པའི་ནང་ཁོང་དང་ནི་སིང་མན་ཌལ་རྣམ་གཉིས་ཀྱིས་དམིགས་བསལ་སྐུ་ངལ་བསྐྱོན་ནས་མང་གཙོ་དང་རང་དབང་། འདྲ་མཉམ་ཐོག་བྱས་རྗེས་ཆེན་པོ་བཞག་པ་རེད།

དེ་དང་ཆབས་ཅིག་སྔར་གྱི་འཁོན་འདྲེས་དེའི་རྐྱེན་པས་མིའི་སེམས་ནང་དཀའ་ངལ་དང་སྡུག་བསྔལ་ཡོང་བསྡད་པ་དེའི་ཐོག་ལ་དམིགས་བསལ་གྱིས་འབད་བརྩོན་གནང་ནས་འཁོན་འཛིན་གྱི་བསམ་བློ་སེལ་ཐབས་བྱས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། མིའི་སྤྱི་ཚོགས་ནང་རྙོག་དྲ་ཞིག་སེལ་ཀྱང་སེམས་ནང་གི་མི་བདེ་བ་དེས་སྐབས་དང་དུས་ལ་རྙོག་དྲ་བཟོ་ཡ་དེ་འདྲ་ཡོང་གི་ཡོད་པ་རེད། གཉིས་ནི་ཁོང་གིས་དྲང་བདེན་དང་འདྲ་མཉམ། མང་གཙོ་སོགས་ཀྱི་ཐོག་ཐུགས་འཁུར་ཆེན་པོ་བཞེས་ཡོང་དུས་ལུང་པའི་དབྱེ་བ་ཡོད་པ་མ་རེད། མི་རིགས་ཀྱི་དབྱེ་བ་ཡོད་པ་མ་རེད། འཛམ་གླིང་གི་ས་གནས་གང་དང་གང་དུ་ཡིན་རུང་དངོས་གནས་ཀྱི་རང་དབང་མེད་པ་དང་། འདྲ་མཉམ་མེད་པའི་ཐོག་ནས་འབུ་ཆེ་བས་ཆུང་བ་ཟོས་པ་དེ་ཚོའི་གྲས་ལ་ཁོང་གིས་རང་བཞིན་གྱིས་ཐུགས་འཁུར་གནང་བཞིན་ཡོད་པ་རེད། དཔེར་ན། འབར་མིའི་གནས་ཚུལ་དང་། བོད་ཀྱི་གནས་ཚུལ་ལ་ཆགས་བཞག་ནའང་དུས་སྐབས་མང་པོ་ཞིག་ལ་ཁོང་གིས་བདེན་པའི་རྒྱབ་སྐྱོར་དང་འཚེ་བ་མེད་པའི་ལྟ་གྲུབ་ཐོག་ནས་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡང་ཡང་གནང་ཡོད་པ་རེད།

ང་རང་སྒེར་ངོས་ནས་ཆགས་བཞག་ན་ག་དུས་ཐུག་པ་ཡིན་ནའང་ངེད་གཉིས་ཕན་ཚུན་རྩེད་མོ་རྩེ་བ་དང་བསྟན་བཤིག་སློང་བ་སོགས་བྱེད་ཀྱི་ཡོད། བྱས་ཙམ་ཁོང་གི་ཞལ་རས་ག་དུས་མཐོང་རུང་གད་མོ་ཤོར་གྱི་འདུག ཁོང་མི་ཧ་ལས་པའི་ཡག་པོ་ཞིག་རེད། ཡང་དོན་དག་འདྲ་ཤོད་དུས་ཁོང་གིས་སྤྱན་སྒོར་སྒོར་བྱས་ནས་གཟིགས་ཀྱི་རེད། གལ་ཆེན་པོ་བྱེད་ནས་འཁུར་བཞེས་ཀྱི་རེད། ཁ་སང་ཁོང་རང་དགུང་ལོ་༨༠ཕེབས་པའི་འཁྲུངས་སྐར་དེར་ཁོང་གིས་ངོས་སྐད་བཏང་བ་རེད་ལ་ངོས་ཀྱང་བཅར་འདོད་བྱུང་། འོན་ཀྱང་བཅར་མ་ཐུབ་པ་རེད། ང་རང་བློ་ཕམ་གཅིག་ནི་སྐབས་དེར་བཅར་ཐུབ་པ་ཡིན་ན་ནེལ་སུན་མན་ཌལ་མཆོག་ད་ལྟ་ཕ་ཆེར་དགུང་ལོ་༩༠གོ་གྲངས་རེད། ཁོང་སྐབས་དེ་དང་བསྟུན་ནས་མཇལ་རྒྱུའི་གོ་སྐབས་ཤིོག་ཡོང་གི་རེད་བསམས་བྱུང་། འོན་ཀྱང་མ་བྱུང་བ་རེད། དེ་རིང་འདིར་སྐུ་ཞབས་ཊུའུ་ཊུའུ་རྒྱ་གར་ནང་མཛད་འཆར་གཞན་དག་དང་སྟབས་བསྟུན་དྷ་རམ་ས་ལར་ཕེབས་པ་རེད། དགུང་ལོ་བགྲེས་པོ་རེད་དེ་དཀའ་ངལ་ཁྱད་དུ་བསད་ནས་ཕེབས་པ་དེར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་རྗེས་ཆོས་དཔོན་ཊུའུ་ཊའུ་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། སྐུ་མགྲོན་རྣམ་པ། ཡིད་དུ་འོང་བའི་བོད་རིགས་མི་མང་རྣམས་ལ་སྙིང་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་སྔོན་ང་རང་ལོ་ན་༨༠སོན་པའི་སྐྱེས་སྐར་སྐབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ཀྱང་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་མཐོང་ཆེན་མ་གནང་ཡང་། དེ་རིང་གི་ཉིན་མོ་འདིར་དགའ་ཚོར་ཆེན་པོས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ངོས་རང་ལོ་ན་༨༠སོན་པའི་སྐྱེས་སྐར་གྱི་མཛད་སྒོ་དངོས་སུ་སྲུང་བརྩི་བྱས་པ་ཡིན།

དེ་རིང་འདིར་གནམ་གཤིས་གྲང་མོ་ཡིན་རུང་ཁྱེད་རྣམ་པ་ཚང་མ་འདིར་ཕེབས་ནས་ཐུགས་ཉེ་པོ་དང་བརྩེ་བ་ཆེན་པོས་འདིར་ཕེབས་པར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་མ་ཞིག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་གྲོང་ཁྱེར་ཀྲེ་ཡ་སི་ལ་ཕེབས་སྐབས་རྐང་རྩེད་སྤོ་ལའི་ཐང་ཆེན་ཞིག་ཏུ་མི་སྟོང་ཕྲག་༦༠ཙམ་ཞིག་གིས་དབྱིན་སྐད་ཁྱར་ཁྱོར་རྒྱག་མཁན་ཞིག་ལ་ཕེབས་སྒུག་གནང་འདུག་ཅེས་སྐུ་རྩེད་དང་ལྷན་དུ་གསུངས་སོང་།

ཡང་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་སྟེང་ཞི་བདེར་དགའ་མོས་ཆེ་ཤོས་བྱེད་མཁན་ཞིག་རེད། ཁོང་ཉིད་ལ་དམག་མི་མེད་ལ་བཀའ་འོག་ནས་མེ་མདའ་བཟུང་ནས་བཀའ་སྲུང་སྒྲུབ་མཁན་ཀྱང་དེ་བས་མེད། ཁོང་ཉིད་ནི་ཁ་བྲལ་བ་ཞིག་མ་རེད། ངས་རྒྱ་ནག་གི་དབུ་ཁྲིད་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་གང་འཁོད་པ་དེ་བོད་མི་ཚོར་ལག་བསྟར་བྱེད་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ༧གོང་ས་ཏཱ་ལའི་བླ་མཆོག་དང་བོད་མིའི་ཚོའི་མངོན་འདོད་ཀྱང་རྒྱ་ནག་གི་རྩ་ཁྲིམས་ནང་གང་འཁོད་པ་དེ་ཡིན། རྒྱ་ནག་གི་དབུ་ཁྲིད་ཚོར་དྲན་སྐུལ་ཞུ་རྒྱུ་ཞིག་ལ་བཙན་གནོན་དང་། ཧམ་བཤད། སྡུག་རྩུབ་བཅས་ལ་མཐའ་མའི་རྒྱལ་ཁ་ཐོབ་ཐབས་མེད། ཉིན་གཅིག་ང་ཚོ་བོད་ནང་དུ་ཐུག་གི་རེད། དཀོན་མཆོག་གིས་བོད་ནང་དུ་རང་དབང་གི་ཉི་མ་མགྱོག་པོ་འཆར་བའི་བྱིན་རླབས་གནང་རོགས་ཞེས་གསུངས་སོང་།

མཛད་སྒོའི་མཐའ་མར་བོད་ཀྱི་ཟློས་གར་དང་རྒྱ་གར་ས་གནས་ཡུལ་མི། ཐང་སྟོང་གླུ་གར་བཅས་ནས་ཡེ་ཤུ་ཆོས་དཔོན་མཆོག་དང་ཁོང་གི་ལྕམ་བཅས་ལ་ཕེབས་བསུའི་གཞས་སྣ་ཁག་གསུམ་གཟིགས་འབུལ་ཞུས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།