བོད་ནང་དུ་གྲྭ་བཙུན་ལས་རྒྱ་དམག་མང་བ་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༩ཉིན། ཁ་སང་ཕྱི་ཚེས་༨ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བྱས་ཡོད་པའི་བོད་མི་རྣམས་ཀྱིས་བོད་ནང་དུ་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡོངས་ཁྱབ་རང་བཞིན་གྱི་ལས་འགུལ་དང༌། མཆོད་འབུལ་སྨོན་སོགས་ཚོགས་ཡོད་པ་དང༌། དེ་མཚུངས་སུ་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་མང་གཉིས་ནས་མཆོད་འབུལ་སྨོན་ལམ་དང༌། མར་མེ་ཁྲོམ་སྐོར་གནང་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།

དེ་རིང་འདིར་བཞུགས་སྒར་དྷ་རམ་ས་ལར་གཞུང་མང་གཉིས་ཀྱིས་འབོད་སྐུལ་ཞུས་པ་ནང་བཞིན་མི་མང་མང་པོ་ཞིག་འཛོམས་འདུག ཁྱེད་རང་ཚོ་དང་མཉམ་དུ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་མི་མང་པོ་ཞིག་མཉམ་དུ་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་བོད་ནང་དུ་ཡོད་པའི་བོད་མི་ཚོས་ཕྱི་ལོ་༢༠༠༨ནས་བཟུང་སྟེ་བོད་ནང་སྒེར་ལངས་ཆེན་མོ་བྱས་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་བོད་མི་བསད་ཡོད་པ་རེད། ཉེས་རྡུང་བཏང་ཡོད་པ་རེད། བཙོན་ཁང་ནང་བཅུག་ཡོད་པ་རེད།

འོན་ཀྱང་བོད་མི་ཚོས་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པའི་ཐོག་ནས་བོད་མིའི་སྙོང་སྟོབས་དང༌། སེམས་ཤུགས་མ་ཆགས་པའི་ཐོག་ནས་རིམ་པར་རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་ལམ་ལུགས་ལ་ངོ་རྒོལ་བྱས་ཡོད། ཁོང་ཚོས་བོད་ནང་རང་དབང་བསྐྱར་གསོ་བྱེད་དགོས་ཡོད། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་ཡོད་ཅེས་ངོ་རྒོལ་གྱི་རྣམ་པ་འདྲ་མིན་སྟོན་ཡོད་པ་པ་རེད།

རིམ་པར་ཕྱི་ལོ་༢༠༠༩དང་༢༠༡༠ད་དུང་༢༠༡༡ལ་བོད་ནང་དུ་རང་སྲོག་མེ་ལ་ཕུལ་མཁན་༡༢བྱུང་ཡོད་པ་རེད། དེའི་ཆེད་དུ་གཞུང་མང་གཉིས་ཀས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་སུ། ལུང་པ་༦༣ནས་མི་གྲངས་འབུམ་གཉིས་ལྷག་ཡོད་པའི་སྐབས་སུ་མཆོད་འབུལ་སྨོན་ལམ་ཚར་གཉིས་གོ་སྒྲིག་ཞུས་ཡོད་པ་རེད།

འདི་ལོ་༢༠༡༢ལོར་བོད་མི་༧གྱིས་རང་སྲོག་མེ་ལ་ཕུལ་ཡོད་པ་རེད། བོད་ནང་དུ་ས་ཁུལ་བྲག་འགོ་ནས། གསེར་རྟ། རྔ་པ། རྒྱལ་རོང་གཙོས་པའི་བོད་མི་ས་ཆ་མང་པོ་ཞིག་གི་ནང་ཞི་བའི་ཐོག་ནས་ངོ་རྒོལ་བྱས་དུས་རྒྱ་མིའི་དམག་གིས་མེ་མདའ་བཞུས་ནས་མི་༦དམར་གསོད་བཏང་ཡོད་པ་རེད། མི་༦༠ལྷག་རྨས་སྐྱོན་བཏང་ཡོད་པ་རེད། ཡང་ཉེ་ཆར་གོ་བ་ལྟར་ན་བོད་མི་བརྒྱ་ཕྲག་འགའ་ཤས་འཛིན་བཟུང་བྱས་ཡོད་པ་རེད། ང་ཚོས་སེམས་ཁྲལ་ཆེ་ཤོས་དེ་རྒྱ་ནག་གཞུང་གིས་བོད་ནང་དུ་མེ་མདའ་དང་དམག་མི་བརྒྱ་ཕྲག་དང་ཁྲི་ཕྲག་མང་པོ་བཏང་ཡོད་པ་རེད། དེའི་དམིགས་ཡུལ་ག་རེ་ཡིན་ན་བསམས་པའི་ང་ཚོ་ཚང་མས་སེམས་འཚབ་སྐྱེ་དགོས་པ་ཞིག་རེད། རྒྱ་མི་མཁས་དབང་ཞིག་གིས་ཁ་སང་རང་རྩོམ་ཞིག་བྲིས་འདུག རྩོམ་གྱི་མཇུག་སྡོམ་དེར་རེ་སྐུལ་ཞིག་ཞུས་འདུག ཁོང་གིས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཡོངས་ནས་བོད་མི་ཚོར་རྒྱབ་སྐྱོར་བྱེད་དགོས་པ་རེད། གང་ཡིན་ཟེར་ན། བོད་ཀྱི་རྒྱལ་ས་ལྷ་ས་རུ་དེང་སང་བོད་མི་ལས་རྒྱ་མི་མང་བ་ཡོད་པ་རེད། དགེ་འདུན་པ་ལས་དམག་མི་མང་བ་ཡོད་པ་རེད། ཁང་པའི་སྒེའུ་ཁུངས་ལས་དོག་སྲུང་པར་ཆས་མང་བ་ཡོད་པ་རེད་ཅེས་གསུངས་འདུག དེ་ག་ནང་བཞིན་དེང་སང་བོད་ནང་དུ་མཆོད་མེ་འབུལ་བ་ལས་རྒྱ་གཞུང་གི་མེ་མདའ་མང་བ་ཡོད་པ་རེད།

བཀའ་སྤྱི་གཉིས་ཀས་རྒྱལ་སྤྱིའི་སྤྱི་ཡོངས་ལ་རེ་སྐུལ་ཞུས་པ་ནང་བཞིན། རྒྱལ་ཁབ་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་དེ་མ་དྲང་བ་ཡིན་པ། སེམས་འཚབ་ཡོད་པ། བོད་མིར་རྒྱབ་སྐྱོར་ཡོད་པའི་རྣམ་པ་འདྲ་མིན་སྟོན་ཡོད་པ་རེད། དེ་བཞིན་ཕྱི་དྲིལ་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཁག་ནས་རྒྱ་ནག་གཞུང་གི་འཛིན་བཞིན་པའི་སྲིད་བྱུས་དེ་འགྲིག་གི་མི་འདུག བོད་ཀྱི་གནད་དོན་དེ་ཞི་མོལ་ལམ་ནས་སེལ་དགོས་ཀྱི་འདུག་ཅེས་ཨ་རི་དང༌། ཁེ་ན་ཌ། རྗ་མན། ཧྥ་རན་སི། གཞན་ཡང་ཨེ་ཤ་ཡའི་ནང་ལ་རྒྱལ་ཁབ་གང་ལ་གང་འཚམ་ཞིག་ལ་བཀའ་སྤྱི་གཉིས་ཀའི་ཐོག་ནས་འབོད་སྐུལ་ཞུས་པ་ནང་བཞིན་རྒྱལ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་སྟོན་ཡོད་པ་རེད།

རྒྱལ་སྤྱིའི་ཐོག་ནས་ད་ལྟ་བར་དུ་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་དུང་ནན་ཏན་ཞུ་རྒྱུ་ཞིག་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་ཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ང་ཚོས་འབོད་སྐུལ་ཞུས་པ་ནང་བཞིན་བོད་ནང་དུ་ཕེབས་ནས་བོད་མི་ཚོའི་སྡུག་བསྔལ་གང་འདྲ་རེད་འདུག རྒྱ་ནག་གཞུང་གི་སྲིད་བྱུས་གང་འདྲ་རེད་འདུག་ཅེས་ཞིབ་འཇུག་བྱེད་པར་ཕེབས་རོགས་གནང༌།

འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་གཞུང་ཚབ་ཁང་པེ་ཅིང་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་གི་ནང་ཡོད་པ་རེད། གཞུང་ཚབ་ཁང་དེ་དག་གི་ལས་བྱེད་བོད་ལ་ཕེབས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ག་རེ་རེད་འདུག བོད་ནང་དུ་བོད་མི་ཚོས་ཞི་བའི་ཐོག་ནས་ངོ་རྒོལ་ག་རེ་བྱེད་ཀྱིན་འདུག དེ་ལ་རྒྱ་ནག་གཞུང་གི་མེ་མདའ་བཞུས་ནས་ཡ་ལན་གང་འདྲ་སྤྲོད་ཀྱིན་འདུག་ཅེས་དེ་དག་གི་ཐོག་ལ་ཞིབ་འཇུག་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བཀའ་སྤྱི་གཉིས་ཀའི་ཐོག་ནས་བོད་ནང་དུ་རྔ་པ་ཀིརྟི་དགོན་པའི་ནང་དགེ་འདུན་པ་མང་པོ་ཞིག་གིས་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་ཞུས་རྗེས། ཡོ་རོབ་གྲོས་ཚོགས་ཀྱི་ཐོག་ནས་དེའི་ཐོག་ལ་གྲོས་ཆོད་བཞག་ཡོད་པ་རེད། ད་ལྟ་ཨ་རིའི་གྲོས་ཚོགས་ནང་ལ་བོད་ནང་གི་གནས་སྟངས་སྐོར་གྱི་གྲོས་ཆོད་ཅིག་གི་སྒང་ལ་བགྲོ་གླེང་འགྲོ་བ་འགྲོ་བཞིན་པ་རེད། གྲོས་ཆོད་དེའི་ནང་ལ་བོད་ནང་དུ་རང་ལུས་མེ་སྲེག་བཏང་མཁན་ཚོའི་ཐོག་རྒྱ་ནག་གཞུང་གི་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་དང༌། དེ་བཞིན་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་བ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་མང་གཙོའི་ལམ་དུ་འགྲོ་བཞིན་པའི་སྐོར་ནས་གྲོས་ཆོད་ཅིག་བགྲོ་གླེང་གནང་བཞིན་པ་རེད། དེའི་ཐོག་གྲོས་ཚོགས་འཐུས་མི་༦གིས་རྒྱབ་སྐྱོར་གནང་ཡོད་པ་རེད།

ཉེ་ཆར་ངོས་རང་ཨ་ཤིན་ཊོན་དུ་འགྲོ་སྐབས་གྲོས་ཚོགས་འཐུས་མི་༥ལ་རེ་སྐུལ་ཞུས་པ་ཡིན། ཁོང་ཚོས་རྒྱབ་སྐྱོར་གནང་ནས་གྲོས་ཆོད་བཞག་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཨ་རིའི་སྤྱི་འཐུས་ཚོགས་པའི་དེ་སྔོན་སྲིད་འཛིན་གྱི་འོས་མིར་ལངས་མཁན་ཇོན་མེ་ཁན་གྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་དང་མཉམ་དུ་རྗར་མན་ནིང་དུ་ཚོགས་འདུ་ཞིག་ཚོགས་བཞིན་པའི་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མདུན་དུ་ག་རེ་གསུངས་ཡོད་པ་རེད་ཟེར་ན། བོད་ནང་དུ་རང་སྲོག་མེ་ལ་ཕུལ་མཁན་དེ་དག་ལ་སེམས་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་གདུང་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་དེར་ངོས་ལེན་མེད། ཁྱེད་རང་ཚོས་བོད་མི་ཚོའི་ཞི་བའི་སྒོ་ནས་རང་དབང་འཐབ་རྩོད་དེ་ནམ་ཡང་མནན་ཐུབ་ཀྱི་མ་རེད། དེ་སྔོན་ཨ་རབ་ནང་སྒེར་ལངས་བྱས་པ་ནང་བཞིན་ཉིན་ཞིག་རྒྱ་ནག་ཁྱོན་ཡོངས་སུ་ལངས་ཀྱི་རེད། ལངས་བ་དེ་ཡང་ལག་འཁྱེར་ཁ་པར་གྱི་ལམ་ནས་གནས་ཚུལ་འབྱུང་གི་རེད་ཅེས་གསུངས་འདུག

དེ་བཞིན་བཀའ་སྤྱི་གཉིས་ཀྱིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ལ་ཕེབས་རོགས་གནང༌། བོད་ལ་ཕེབས་ནས་ཞིབ་འཇུག་གནང་རོགས་གནང་ཞུས་པ་ནང་བཞིན། རྒྱ་ནག་པེ་ཅིང་དུ་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་དུ་འགྲོ་རྒྱུར་ཐབས་ཤེས་གནང་འདུག དམིགས་བསལ་དཔེར་ན་སི་ཨན་ཨན་ཕེབས་པའི་སྐབས་ལ་བོད་ནང་དུ་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་དེ་ཁོང་ཚོས་ཀྱང་ཚོར་བ་མྱངས་འདུག བོད་ཀྱི་ས་འགྲམ་ལ་སླེབས་དུས་ཁོང་ཚོའི་ལམ་ཁ་བཀག་འདུག ཉེན་རྟོག་པས་ཡོང་ཆོག་གི་མ་རེད། ཕྱི་ལོག་དགོས་པ་རེད་ཅེས་བཤད་འདུག གསར་འགོད་པ་དེ་དག་ཕེབས་དུས་རྒྱ་ནག་གི་ས་གནས་དམག་མི་དེ་ཚོས་རྣམ་འགྱུར་འདྲ་མིན་སྟོན་འདུག

དེར་བརྟེན་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་ངོ་རྒོལ་སྐྱོན་བརྗོད་དང་སྦྲགས་རྒྱ་ནག་གཞུང་ལ་སྙན་ཞུ་ཞིག་ཕུལ་འདུག སྙན་ཞུ་དེའི་ནང་རྒྱ་ནག་གཞུང་ལ་ཁྲིམས་ཀྱི་ལམ་ལུགས་ཡོད་པ་ཡིན་ན། གཏམ་བརྗོད་ཀྱི་རང་དབང་ཡོད་པ་ཡིན་ན། ང་ཚོ་བོད་ཀྱི་ས་ཆར་འགྲོ་ཆོག་དགོས་ཀྱི་ཡོད་པ་རེད་ཅེས་ཞུས་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ལ་ཕེབས་རྒྱུར་བཀག་འགོག་བྱེད་ཀྱིན་ཡོད་པ་རེད་དེ་ད་དུང་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།