བོད་གཞུང་མང་གཉིས་ཀྱི་འཛམ་གླིང་རང་བཞིན་གྱི་ལས་འགུལ་ཆེན་མོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༨ཉིན། དེ་རིང་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཡོད་པའི་བོད་རིགས་སྤྱི་དང་དྲང་བདེན་ལ་དགའ་བའི་རྒྱལ་ཕྱི་ནང་གི་མི་མང་ཚོས་གཞིས་བཞུགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱིས་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༦ཉིན། བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གིས་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཕྱི་ཟླ་༢པའི་ཚེས་༨ཉིན། འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་བོད་རིགས་མི་མང་སྤྱི་དང༌། དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་ཡོད་པའི་འཛམ་གླིང་མི་མང་མཉམ་རུབ་ཐོག ཉིན་བརྒྱ་དུས་གཅིག་ཏུ་རང་དབང་དང་དྲང་བདེན་གྱི་ཆེད་དུ་སྐུ་གཤེགས་པ་དང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མཆོད་འབུལ་སྨོན་ལམ་གནང་དགོས་པའི་གསལ་བསྒྲགས་ཕེབས་པ་ལྟར།

དེ་རིང་ཕྱི་དྲོ་ཆུ་ཚོད་༣པའི་ཐོག བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། བོད་གཞུང་མང་གཉིས་ཀྱི་ངོས་ནས་གཞིས་བཞུགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། རྟེན་མཆོག་གི་སྤྱན་སྔར་མཆོད་འབུལ་སྨོན་ལམ་རྒྱ་ཆེར་གནང་ཡོད་པ་དང༌། སྐབས་དེར་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང༌། ས་གནས་བོད་རིགས་མི་མང༌། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་སོགས་མི་མང་ཕོན་ཆེན་པོ་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེར་གནང་ཡོད་པ་མ་ཟད། བཀའ་བློན་ཁྲི་པའི་གསུང་བཤད་དང་དྷ་ས་ས་གནས་བདེ་དོན་ལས་ཁུངས་ཀྱི་གོ་སྒྲིག་འོག་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་སོང༌།

དེ་བཞིན་དེ་རིང་སྔ་དྲོ་ཚོུད་༨དང་སྐར་མ་༤༥ཐོག དཔལ་བཀའ་བརྒྱུད་བུམ་མང་དགོན་པར་ཅོན་ཏ་ར་ཁུལ་སྡེ་དགེ་དང་ནང་ཆེན་ས་གནས་འགོ་འཛིན་ཁྱབ་ཁོངས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པས་གཙོས་སློབ་གྲྭའི་སློབ་ཕྲུག་དང། མང་ཚོགས་ཀྱིས་རང་ལུགས་གོས་ལྭ་གྱོན་ཏེ་འདུ་འཛོམས་ཀྱིས་མཆོད་འབུལ་དང་སྨོན་ལམ་གསུང་འདོན་གནང་ཡོད་འདུག

ཡང་སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ཐོག སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དུ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་ནང་སྲིད་བཀའ་བློན་མཆོག་རྣམ་གཉིས་ཀྱིས་མི་མང་རྣམས་ལ་གསུང་བཤད་གནང་ཡོད་པ་དང༌། ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀ་བར་མཆོད་འབུལ་སྨོན་ལམ་དང་ཞབས་རིམ་ཁག་བསྒྲུབས་ཡོད་པ་མ་ཟད། ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་སིམ་ལ་གྷན་རྡི་ཐང་ཆེན་དུ་མི་མང་རྣམས་འདུ་འཛོམས་ཀྱིས་བོད་ཆས་བྱས་ཏེ་ཁ་རས་ནག་པོ་གྱོན་ནས་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་མྱ་ངན་གུས་འདུད་མཚོན་སླད་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་འདུག

དེ་བཞིན་ཉིན་གུང་ཆུ་ཚོད་༡༡ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ལྡི་ལིར་གནས་སྡོད་བོད་མི་རྣམས་སམ་ཐ་སི་ཐལ་(Samtha Sthal)དུ་འདུ་འཛོམས་ཀྱིས་ཇན་ཊར་མན་ཊར་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་དང། དེ་ནས་ཇན་ཊར་མན་ཊར་དུ་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་གྱི་གནད་ཡོད་མི་སྣ་རྣམས་དང་ཕྱོགས་བཞུགས་སྤྱི་འཐུས་ཀྱིས་གསུང་བཤད་གནང་ཡོད་འདུག ཕྱི་དྲོ་ཆུ་ཚོད་ ༦ བར་བོད་བསྟན་སྲིད་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་བདེན་ཚིག་སྨོན་ལམ་གྱི་མཚོན་སྨོན་ལམ་གསུང་འདོན་གནང་རྗེས། མང་ཚོགས་ཀྱིས་ཇན་ཊར་མན་ཊར་དང། ཊིན་མུར་ཊི་བྷ་ཝན་ཅོཀ།(Teen Murti Bhavan Chowk) ཅ་ན་ཀ་ཡ་པུ་རིའི་ཉེན་རྟོག་པའི་ལས་ཁུངས། Chanakyapuri Police Station) རྒྱ་གར་གྱི་རྒྱལ་སྒོ།(India Gate) བཅས་སུ་མར་མེ་ཁྲོམ་སྐོར་གནང་བཞིན་ཡོད་པ་སོགས་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་མང་པོ་རུ་གོང་ལྟར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ལ། ཕྱི་རྒྱལ་གྱི་ཡུལ་གྲུ་མང་པོའི་ནང་དུའང་ལས་འགུལ་སྤེལ་བཞིན་འདུག

ཨུ་རུ་སུ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག  ཕྱོ་དྲོ་ཆུ་ཚོད་༧དང་ཕྱེད་ཀ་ཐོག་ས་གནས་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་དང་ཚོགས་མཆོད་འབུལ་ལམ་གནང་ཡོད་པ་མ་ཟད། གྲོང་ཁྱེར་སེན་ཊི་པི་ཊར་སི་བྷག་(St.Petersberg)ནང་དུ་ཁལ་མུཀ་དང། བྷུར་ཡ། ཐུ་ཝའི་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྨོན་ལམ་གསུང་འདོན་གནང་ཡོད་འདུག

དེ་བཞིན་སི་པན་བོད་ཁང་གིས་གོ་སྒྲིག་གནང་ཐོག་དེ་རིང་ཞོགས་པར་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་མཉམ་འཛོམས་ཀྱིས་སྨོན་ལམ་མཆོད་འབུལ་གནང་ཡོད་པ་དང༌། ཕྱི་དྲོར་བྷར་སི་ལོ་ན་ནས་གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་བར་ མར་མེ་ཁྲོམ་སྐོར་གནང་ཡོད་པ་དང༌། བྷེལ་ཇམ་གྱི་རྒྱལ་ས་བྷིལ་ཟིལ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༤ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ནས་ ༤ བར་(Schoten) བཀའ་བརྒྱུད་ཆོས་ཚོགས་སུ་སྨོན་ལམ་གསུང་འདོན་གནང་ཡོད་པ་མ་ཟད། དེ་རིང་ཕྱི་དྲོ་ཆུ་ཚོད་ ༥ ནས་ ༧ བར་མར་མེ་ཁྲོམ་སྐོར་གནང་འདུག

གཞན་ཡང་ཨར་ཇིན་ཊི་ནཱ་ཡི་ནང་དུ་བོད་རང་དབང་མཉམ་འབྲེལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་བོད་རིགས་མི་མང་དང་བོད་དོན་རྒྱབ་སྐྱོ་བ་རྒྱ་རིགས་དང་ཝེ་ནམ་མི་རིགས་བཅས་མཉམ་རུབ་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང༌། དེ་བཞིན་འཇར་མན་དང་རོ་མ་ནི་ཡ་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་དུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༢༡༠༠༩
སྙིང་ཁོང་རུས་པའི་སྟེང་ནས་རྗེས་སུ་ཡི་རངས་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།