དྲ་ཐོག་ཐད་གཏོང་གི་གསར་འགོད་གསལ་བསྒྲགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༦ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༡ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་ནང་གསར་འགོད་པ་ ༣༠ ལྷག་འདུ་འཛོམས་ཐོག་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གསར་འགོད་གསལ་བསྒྲགས་དེ་དྲ་བརྙན་ཐོག་ནས་ཀྱང་ཐད་གཏོང་དང་དྲི་བར་ལན་འདེབས་གནང་ཡོད།

གསར་འགོད་གསལ་བསྒྲགས་དེའི་ནང་། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༣ རེས་གཟའ་པ་སངས་ཉིན་གསེར་རྟ་ཁུལ་དུ་སླར་ཡང་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་དངངས་འཚབ་དང་སེམས་འཚབ་ཡོད། ད་ལྟའི་ཆར་ང་ཚོས་གནས་ཚུལ་གོ་ཐོས་བྱུང་བར་གཞིགས་ན་རང་ལོ་ ༦༠ ནང་དང་ ༣༠ ནང་སོན་པའི་བོད་མི་གཉིས་དང་གཞན་བོད་མི་གཅིག་བཅས་ཁྱོན་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བཏང་རྗེས་ཁོང་གསུམ་པོའི་གནས་སྟངས་ངོ་མ་ཇི་ཡིན་དང་ས་གནས་གང་དུ་ ཡོད་མེད་ཤེས་རྟོགས་གང་ཡང་ཐུབ་མེད།

གནས་ཚུལ་ཐོན་པར་གཞིག་ན།  བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷ་སའི་ཉེ་ཁོར་གྱི་སེ་ར་འབྲས་སྤུངས། དགའ་ལྡན་བཅས་དགོན་སྡེ་ཆེ་ཁག་ནང་ད་ཆ་དམག་མི་དང་ཉེན་རྟོག་མི་སྣ་མང་དུ་བཏང་སྟེ་རྒྱལ་ས་ལྷ་སའི་ནང་བོད་མི་འགྲོ་བསྐྱོད་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་སྲིད། ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་པའི་ལོ་གསར་དང་ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་དབང་བསྒྱུར་ལ་ཞི་རྒོལ་བྱས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཁེལ་གྱི་ཡོད་སྟབས། བོད་མི་དེ་བས་མང་བ་ཚེ་སྲོག་ཤོར་རྒྱུའི་འཇིགས་སྣང་ཡོང་བཞིན་འདུག

མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་རྒྱལ་སྤྱིའི་ཚོགས་པ་ཁག་ལ་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ཚོ་དང་ལྷན་འབྲེལ་བ་གནང་སྟེ་ས་གནས་དཔོན་རིགས་ཚོའི་བྱ་སྤྱོད་ལ་སྟངས་ འཛིན་ཐོག་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་ཚོའི་སྟེང་མེ་མདའ་རྒྱག་རྒྱུ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་དགོས་ཐུག་པ་དེར་གཞིག་ཚེ་ད་ཆ་བོད་ནང་དུ་རྒྱ་མིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་ང་ཚོས་གསལ་པོར་རྟོགས་ཐུབ། བོད་མིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་སྣང་ཆུང་དུ་འཇོག་ཐབས་མེད། བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་དེས་རྒྱ་མིས་བོད་ས་བཙན་བཟུང་བྱས་ཏེ་བོད་མི་ཚོར་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེར་གདོང་ལེན་བྱས་ཏེ་བོད་མི་རིགས་ཀྱི་རང་དབང་ཆེད་ཆོད་སེམས་བརྟན་པོའི་འཐབ་རྩོད་ བྱས་པ་ཞིག་ཆགས་ཡོད།

ལོ་ངོ་ལྔ་བཅུ་ཙམ་གྱི་གོང་བོད་ནང་དུ་རྒྱ་མིས་བཙན་འཛུལ་བྱས་རྐྱེན་བོད་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་འགྲོ་དགོས་ཐུག་ཡོད། དེ་ནས་བཟུང་རྒྱལ་སྤྱིའི་ནང་བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་མཁན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་བཙུགས་ཡོད། ད་ལྟའི་ཆར་བོད་ནང་དུ་ཛ་དྲག་གི་གནས་སྟངས་འབྱུང་བཞིན་པའི་དུས་སྐབས་འདིར་མི་སྒེར་དང་གཞུང་འབྲེལ་མིན་པའི་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཕྱི་རྒྱལ་སྲིད་གཞུང་ཁག་གིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་སེམས་འཚབ་བཏོན་པར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཁྱེད་ཚོས་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བར་བརྟེན་བོད་ཀྱི་གནད་དོན་ད་བར་མ་ཡལ་བར་སོན་གནས་ཐུབ་པ་བྱུང་ཡོད།

རྒྱ་གཞུང་དང་བོད་མིའི་དབར་ཡུན་རིང་ནས་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཞི་བར་གྱུར་ཐུབ་ཚེ་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱུན་གནས་ཐུབ་པའི་ཞི་བདེ་ལྷིང་འཇགས་ཀྱི་ ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུ་ཡིན་པར་བརྟེན། བོད་མིའི་དངོས་ཡོད་དཀའ་ངལ་རྣམས་སེལ་དགོས་པ་ང་ཚོས་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན། ཉེ་ལམ་ར་འཕྲོད་བྱུང་བ་བཞིན་བོད་ཀྱི་ས་ཁུལ་ཁག་ལ་རྒྱ་མིས་དམ་བསྒྲགས་བྱས་ཏེ་གསར་འགོད་པ་ཚོར་བཀག་འགོག་བྱེད་བཞིན་ཡོད།  རྒྱལ་སྤྱིའི་ཚོགས་པས་བོད་ནང་གི་གནས་སྟངས་ལ་ཁ་ཞེ་གཉིས་མེད་ཀྱི་སེམས་འཚབ་ཆེན་པོའི་ཐོག་ནས་དོ་སྣང་བྱེད་བཞིན་ཡོད་པ་པེ་ཅིང་འགོ་ཁྲིད་ཚོར་བརྡ་ལན་གསལ་པོ་གཏོང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།

གཞིས་བཞུགས་བོད་མི་ཚོར་ང་ཚོས་གདུང་སེམས་མཉམ་སྐྱེའི་རྣམ་པ་འདོན་ཆེད་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་སྤྱི་དང་ལྷག་པར་དྲང་བདེན་ལ་དགའ་བའི་འཛམ་ གླིང་མི་མང་ཚོས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཉིན་བརྒྱ་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ནང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ལས་འགུལ་དེ་དག་འཚེ་བ་མེད་པ་དང་ས་གནས་ཀྱི་ཡུལ་ཁྲིམས་དང་མི་འགལ་བར་ཚུལ་མཐུན་གྱི་ལམ་ནས་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང། དེ་ཉིན་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་རྒྱུ་དང་། རྡ་ས་ས་གནས་བདེ་དོན་ལས་ཁུངས་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་ཞིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།