མཐུན་སྒྲིལ་འཁྲུག་ཆ་དོད་པོ་ཡོད་ཀྱང་འདུ་ཤེས་ཀྱི་སྙིང་བོ་དབེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢ཉིན། རྒྱ་གཞུང་གི་དྲག་གནོན་འོག རང་རིགས་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་བ་དང་བཙོན་ཁང་དུ་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ད་ལོ་བོད་གཞུང་མང་གཉིས་ནས་ལོ་གསར་གྱི་དགའ་སྐྱིད་ལ་མི་རོལ་བའི་འབོད་སྐུལ་རིམ་པར་ཕེབས་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༤ཉིན་བཞུགས་སྒར་དྷ་རམ་ས་ལ་རུ་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང་བོད་དོན་འཐབ་རྩོད་ཀྱི་མ་དངུལ་གསར་འཛུགས་ཡོང་ཆེད་ད་ལོའི་ལོ་གསར་གྱི་སྤྲོ་སྐྱིད་ལོངས་སྤྱོད་ལ་མི་རོལ་བའི་འབོད་སྐུལ་ཐོག་མ་གནང་ཡོད་པ་དང༌། དེ་རྗེས་ཟླ་དང་པོའི་ཕྱི་ཚེས་༢༦ཉིན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ལོ་གསར་གྱི་སྤྲོ་སྐྱིད་མི་གཏོང་བའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང༌། དེ་བཞིན་ཟླ་དང་པོའི་ཚེས་༢༩ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཀྱང་བཀའ་ཤག་གི་འབོད་སྐུལ་ལ་རྒྱབ་སྐྱོར་གནང་ཡོད་པར་བརྟེན། ཕྱི་ལོ་༢༠༡༢ལོའི་སྤྲོ་སྐྱིད་གཏོང་བའི་ལོ་གསར་དེ་གཞུང་འབྲེལ་གྱི་ཐོག་ནས་མེད་པར་བཟོས་པ་རེད།

འདིའི་ཐོག་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གིས་ལོ་གསར་གྱི་སྤྲོ་སྐྱིད་ལ་མ་རོལ་ནས་མནར་གཅོད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་གསལ་བོར་བསྟན་ཡོད་ལ། བྱ་སྤྱོད་འདི་བོད་རིགས་ཚོར་མཚོན་ན་གསར་པ་གང་ཡང་མ་རེད། ཡུལ་གྱི་བླ་མ་ཞིང་དུ་གཤེགས་པ་དང་ཁྱིམ་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་བའི་སྐབས་སུ། ཞག་ཞེ་དགུའི་རིང་ཁྱིམ་མི་གཉེན་འབྲེལ་ཚོས་གླུ་ལེན་གར་རྩེད་དང་གྱོན་གོས་གསར་པ་གྱོན་པ། རྒྱན་ཆས་སྤྲས་པ་སོགས་རྩ་བ་ནས་མི་བྱེད་པ་མ་ཟད། ལོ་གསར་དང་གྲོགས་ཀྱི་གཉེན་སྟོན། མི་མང་འདུ་འཛོམས་སོགས་ཀྱི་སར་གཏན་ནས་མི་འགྲོ་བར་དཀར་པོ་དགེ་བའི་ལས་ཁོ་ནར་འབད་པ་ཧ་ཅང་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཡིན་ལ། མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཀྱང་རེད་མ་གཏོགས། དེ་རིང་ཁ་སང་མགོ་བདེ་ལྕེ་བདེ་ཞིག་གིས་གསར་དུ་དྲན་ཡོང་བ་ཞིག་ཁྱོན་ནས་མ་རེད།    ཡིན་ནའང༌། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་བོད་མི་རིགས་ཀྱི་བསམ་བློ་དང་མཐུན་སྒྲིལ་གྱི་འདུ་ཤེས་ལའང་འགྱུར་བ་འགྲོ་བཞིན་ཡོད་པ་རེད།

བོད་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་ཀྱི་འགྱུར་བ་གླེང་སློང་མ་བྱས་གོང་དུ་ང་ཚོས་འཛམ་གླིང་ཧྲིལ་པོའི་ཐོག་ནས་༼མཐུན་སྒྲིལ༽ཞེས་པའི་ཡིག་འབྲུ་འདིར་གོ་དོན་ཅི་ཞིག་འཇོག་གིན་ཡོད་པའི་ཐད་ལ་གླེང་བར་བྱ། ཚིག་མཛོད་དྲ་བའི་(Dictionary.com)ནང་དུ་འགྲེལ་བ་ལྟར་ན། ཐུན་མོང་གི་ཚོགས་པའམ་རྩ་འཛུགས་ཤིག་གི་ཁེ་ཕན་དང་གདུང་སེམས་སོགས་མཉམ་དུ་མྱོང་བ་ལ་མཐུན་སྒྲིལ་དང༌། ཡང་ཁོ་ལིན་སུ་སྤྱི་ཚོགས་རིག་པའི་ཚིག་མཛོད་ཟེར་བའི་ནང་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་མ་འདྲ་བ་ལ་འགྲེལ་བཤད་ཀྱང་མ་འདྲ་བ་ཡོད་ཅེས་གསལ་འདུག

སྤྱི་ཚོགས་རང་ག་བ་ཞིག་གི་ཁྲོད་མཐུན་སྒྲིལ་ཟེར་བ་དེ་གཙོ་བོ་ཁྲག་རྒྱུན་གྱི་འབྲེལ་བ་དང་ཀུན་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་ཙམ་ལ་གཞི་བཅོལ་ནས་འཇོག་གིན་ཡོད་པ་འདྲ།  ཡིན་ནའང༌། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན། རྩོད་གླེང་འདྲ་མིན་གྱི་ཐོག་ནས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་འདུ་ཤེས་ཡར་སྐུལ་བྱེད་པར་སྒུལ་ཤུགས་ཆེན་པོ་ཐེབས་ཀྱི་ཡོད། དེ་བས་ཕྱི་མ་དེས་ཁྱེད་ལ་བོད་དོན་རྒྱབ་སྐྱོར་ཟེར་བའི་གོ་དོན་ལ་འགྱུར་ལྡོག་འགྲོ་བཞིན་པའམ་བོད་ཀྱི་སྤྱི་ཚོགས་འདི་རང་ག་བ་ཞིག་ནས་རྙོག་འཛིང་ཅན་ཞིག་ཏུ་རིམ་གྱིས་འགྱུར་བཞིན་ཡོད་མེད་ཤེས་འདོད་སྐྱེ་རུ་འཇུག་གིན་ཡོད་དམ།

གོང་གི་དྲི་བ་དེ་ལ་༼ཡོད༽ཡང་ན་༼མེད༽ཟེར་བའི་དྲིས་ལན་བྱིན་ངེས་རེད། དོན་དངོས་བཤད་ན། དེང་སང་བོད་རིགས་ཚོ་མི་ལོ་བཅུ་ཕྲག་གི་གོང་ལྟར་གྲོང་གསེབ་ཆུང་ཆུང་དང་རི་ཀླུང་དུ་འཚོ་བ་སྐྱེལ་བཞིན་མེད་ལ། ལྷག་པར་དུ་འཛམ་གླིང་གི་ཡུལ་ཕྱོགས་གང་སར་གནས་པའི་བོད་རིགས་ཡུལ་གྱར་བ་ཚོ་གྲོང་ཁྱེར་དུ་གནས་སྡོད་ཀྱིས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཤིག་ལ་གདོང་གཏད་དེ་ལས་རིགས་སྣ་མང་གཉེར་གྱིན་ཡོད་པས། དཔེར་ན། བོད་མིའི་སྤྱི་ཚོགས་ལས་འགུལ་ཞིག་ལ་མཉམ་ཞུགས་དགོས་ཚེ་ངེས་པར་དུ་ལས་ཀ་དང་ཁྱིམ་ཚང༌། སློབ་གྲྭ་བཅས་ཀྱི་དུས་ཚོད་རེའུ་མིག་དང་བསྟུན་དགོས།

དེ་འདྲའི་གནས་བབས་འོག་སྤྱི་ཚོགས་ཀྱི་རྙོང་འཛིང་ཆེ་བའི་འགྱུར་འགྲོས་ཀྱིས་བོད་མིའི་མཐུན་སྒྲིལ་གྱི་ངོ་བོར་ཡང་འགྱུར་བ་ཐེབས་བཞིན་པ་ཟུར་བལྟས་ལེབ་མཐོང་གི་གནས་ལས་མ་མཆིས། འོན་ཀྱང༌། དེ་ལས་ལྡོག་ཏེ་བལྟས་པ་ཡིན་ན་ཡང་དེ་འདྲའི་ལས་སླ་བོ་དང་ཐག་ཆོད་པ་ཞིག་ག་ལ་ཡིན། དཔེར་ན། དེང་རབས་ཅན་དང་རྙོག་འཛིང་ཆེ་བའི་ཨ་རིའི་རྒྱལ་ཁབ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ལྟ་བུ་རེད།

བཀའ་བློན་ཁྲི་པས་གཞུང་འབྲེལ་གསར་བསྒྲགས་གནང་བ་ལྟར་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱིས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྦྲེལ་ཏེ་ད་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་མི་རོལ་བར་བོད་མི་ཕལ་ཆེར་བས་མོས་མཐུན་བྱེད་བཞིན་ཡོད་པ་རེད། ཡིན་ནའང༌།  བོད་མི་ཚོས་གཅིག་མཐུན་གྱིས་བོད་ཀྱི་ལོ་གསར་མ་བཏང་བ་ཙམ་གྱིས་ཚིག་མཛོད་ཁག་གི་ནང་དུ་གསལ་བའི་༼མཐུན་སྒྲིལ་༽གྱི་གོ་དོན་དེ་རྒྱ་ཆུང་རུ་བཏང་བ་དང་ཚད་བཀག་ཅན་ཞིག་ཏུ་གྱུར་ཡོད།   གསལ་བོ་བཤད་ན། གཅིག་མཐུན་གྱིས་བོད་ཀྱི་ལོ་གསར་དགའ་སྟོན་མི་གཏོང་བ་ཙམ་ལས་ཡི་ཤུ་འཁྲུངས་སྐར། ཨ་རིའི་ལོ་གསར། དེ་བཞིན་གླུ་གར་སྤྲོ་ཚོགས་སོགས་ལ་འབྲེལ་བ་མེད་པ་ཞིག་ཏུ་ཆགས་འདུག

འབྱུང་འགྱུར་གྱི་བདུན་ཕྲག་ཁ་ཤས་ནང༌། ཨ་རིའི་ནང་གནས་སྡོད་བྱས་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་དེ་རིགས་ཀྱི་སྤྲོ་ཚོགས་སྔར་ལས་མང་པོ་ཡོད་པས་བོད་ཀྱི་ལོ་གསར་ཁོ་ན་མ་བཏང་བ་ཙམ་གྱིས་གང་ཡང་མཚོན་མི་ཐུབ་པས། ང་ཚོས་འཛམ་གླིང་མི་མང་ལ་སྐད་གསེང་མཐོན་པོས་འདི་ནི་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཡིན་ཞེས་ཇི་ལྟར་བརྗོད། བོད་མིའི་མཐུན་སྒྲིལ་ངོ་མ་དེ་ག་རེ་རེད། བོད་དོན་རྒྱབ་སྐྱོར་ཟེར་བ་དེ་ལོ་གསར་གྱི་དུས་ཡུན་ཐུང་ངུ་འདི་ཙམ་ལ་འཇོག་རྒྱུ་ཡིན་ནམ། བོད་རིགས་བར་གྱི་ཀུན་ཁྱབ་རིན་ཐང་ལྟ་ཚུལ་དང་ཁེ་ཕན་གང་དུ་ཡོད། ཡང་ན་ད་ལྟ་བོད་རིགས་ཚང་མ་སའི་གོ་ལའི་སྤྱི་དམངས་ཏུ་གྱུར་ཟིན་པ་ཡིན་ནམ།

མཇུག་མཐར། ལག་ལེན་ཁྲོད་བོད་མིའི་མཐུན་སྒྲིལ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཀྱང་འདུ་ཤེས་ཀྱི་སྙིང་བོ་དབེན་ཞེས་མཇུག་བསྡོམས་བརྒྱབ་པ་ཡིན་ལ།   མཇུག་བསྡོམས་དེ་ནོར་བ་ཡིན་སྲིད་པ་རེད།

རྩོམ་པ་པོ་ཡེ་ཤེས་དང་བོད་སྒྱུར་བ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།