བཙན་བྱོལ་མི་མང་ཚོས་སོ་སོའི་ཁ་ལ་དཔག་པའི་སོ་ཞིག་བཀའ་ཁྲིར་བདམས་འདུག་པས་ནོར་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

བཙན་བྱོལ་སྤྱི་ཚོགས་ནང་དུ་ར་མགོ་ནང་གི་མིག་ཚིལ་བཞིན་ཅུང་ཟད་ཁྱབ་ཆེ་བའི་བོད་ཡིག་གླེང་སྟེགས་འགའ་ཞིག་སྟེ་བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན། ཁ་བརྡ། ཤམ་བྷ་ལ་བཅས་ཡིན་སྐད། དྲ་གནས་དེ་ཚོའི་ནང་དུ་བཀའ་ཁྲི་བློ་བཟང་སེང་གེ་དང་བཀའ་ཤག་ལ་སྐྱོན་མེད་སྐྱོན་དང་ཉེས་མེད་ལ་ཉེས་པ་ཁོ་ན་འཚོལ་སྡོད་མཁན་གྱི་མི་སྣ་འགའ་ཞིག་སྟེ་འདྲེ་མགོ་རྡོ། ཤར་ཁུག་རྟ། ཁང་གསར་རྡོ་རྗེ་བཅས་རེད། ཡང་ཁོ་ཚོའི་རྒྱུག་ཁྱི་རེ་གཉིས་ཀྱང་ཐོན་ཡོད། ཁོ་ཚོས་བཀའ་ཁྲིར་ཁུང་ལུང་དང་རྒྱུ་མཚན། དཔང་རྟགས་སོགས་གསལ་ལྷང་ངེར་ཏིལ་འབྲུ་ཙམ་ཞིག་སྟོན་རྒྱུར་མེད་པར་རབ་རིབ་དང་ལྡབ་ལྡིབ། འོས་ཚོད་དང་འཆར་སྣང་ཁོ་ནས་སྐྱོན་བརྗོད་གནམ་སའི་བར་ན་མི་ཤོང་པ་དེ་འདྲ་བྱས་དང་བྱེད་བཞིན་ཡོད། ཁོ་ཚོའི་ཁ་ནས་རང་དབང་ལོངས་སུ་སྤྱོད་དགོས་ཚུལ་དང་སྤྱོད་འོས་ཚུལ། ཁོ་ཚོས་ཧ་ལམ་བོད་སྤྱི་པའི་དོན་དུ་བཀའ་ཁྲི་དང་བཀའ་ཤག་གི་གདོང་དུ་མཆོང་གི་ཡོད་རབས། ཁོ་ཚོར་རྒྱལ་ཞེན་བླ་མེད་ཡོད་ཚུལ་སོགས་ལུང་པ་གང་བགྲངས་དང་བགྲང་བཞིན་ཡོད། དོན་དངོས་ཐོག་ཏུ་བཀའ་ཁྲི་དང་བཀའ་ཤག་གཉིས་ཁོ་ཚོ་གསུམ་པོ་དང་རྒྱུག་ཁྱི་ཁ་ཤས་བཅས་ཀྱི་མིག་ནང་གི་གྲ་མ་རེད། མིག་ནང་དུ་གྲ་མ་འཛུལ་ཡོང་ན་གནས་ལུགས་རྒྱུ་མཚན་གང་ཡང་བགྲང་རྒྱུར་མེད་ལ་བགྲང་དགོས་པའང་མ་རེད། སྡུག་སྐད་ངང་གིས་ཤོར་ཡོང་གིན་རེད། དེ་ནས་སྡུག་སྐད་རྒྱག་སྟེ་བཙན་བྱོལ་མི་མང་འདྲོག་ཨེ་ཐུབ་ལྟ་བཞིན་ཡོད་རེད། མི་དེ་ཚོའི་གྲལ་མང་ཙམ་ཡོད་ན་བཀའ་ཁྲི་དང་བཀའ་ཤག་གིས་ལས་དོན་སྒྲུབ་ཐུབ་རྒྱུ་ཕར་བཞག་བཙན་བྱོལ་སྤྱི་ཚོགས་འདི་ཞོ་རྫ་རྡོ་ལ་འཕངས་འདྲ་ཞིག་ཡོང་ཉག་ཅིག་རེད། བཀའ་ཁྲི་མཆོག་དེའི་སྔོན་བཀའ་ཁྲི་མིན་པའི་དུས་སུ་རྒྱ་ནག་ཏུ་ཕེབས་ཚུལ་གང་ཡིན་གསལ་པོར་གྱུར་ཟིན། ཁང་གསར་གྱིས་ད་རིང་གླེང་དོན་གང་ཡིན་ན། གལ་ཏེ་ཁང་གསར་ཁྱོད་དེ་འདྲའི་སྐོར་བརྗོད་འདོད་སྙིང་ནས་ཡོད་ན། གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མ་བཞག་གོང་དུ་ང་རྒྱ་ནག་གི་མི་སེར་ལག་འཁྱེར་ཐོག་ནས་རྒྱ་ནག་ཏུ་གནས་གཟིགས་ཕེབས་འདོད་ཡོད་གསུངས་པ་རེད་ཅེས་ཏེ་ཀླུ་མཁར་བྱམས་ཀྱིས་སྐྱོན་བརྗོད་བྱས་སོང། དེའི་སྐབས་ཁང་གསར་ཁྱོད་གང་ན་ཡོད་དང་། ཁྱེད་ཀྱིས་ཀྱང་དེ་ནས་གཏམ་འགོ་བཙུགས་ཡོད་ན་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཅུང་ཟད་མགོ་མཇུག་ཡོད་པ་ཞིག་རེད། དེ་བཞིན་སྣང་ཚུལ་ཙམ་དུ་དྲང་བདེན་འདྲ་ཞིག་རེད། གཏམ་རྐེད་པ་ནས་འགོ་བཙུགས་ཏེ་བློ་བཟང་སེང་གེ་ལ་འདི་ལྟར་བརྗོད་དོན་གང་ཡིན་ནམ། དམིགས་ཡུལ་ཅི་ཡིན་ནམ། སྤྱི་བཏང་བཙན་བྱོལ་དུ་འདི་འདྲ་རེད། རྩོམ་པ་པོ་ཡིན་རབས་དང་སྤྱི་ཚོགས་དཔྱད་རྗོད་པ་ཡིན་སྐད། ཞིབ་འཇུག་པ་ཡིན་རབས་ཀྱི་མིག་ཡ་གཅིག་ལས་མེད་པའི་མཁས་རློམ་ཁག་ཅིག་ཡོད་རེད། དཔེར་ན་སྔོན་མར་གྲོས་ཚོགས་སུ་རྒྱུན་ལས་ཚོས་སྤྱི་འཐུས་གཅིག་ལ་གནམ་གྲུའི་གླ་ཆ་གནང་བར་བརྟེན་གྲོས་ཚོགས་སུ་རྙོགས་འཛིང་ཆེན་པོར་གྱུར་ཚེ། དྲ་རྒྱ་ཁག་ཏུ་ཧ་ལམ་སྒོར་མོ་དུང་ཕྱུར་འགའི་དོན་རྐྱེན་ཞིག་ལྷགས་པ་ལྟར་གནམ་ས་མགོ་རྟིང་འདྲ་སློག་གྲབས་བྱས་སོང་། གནས་ཚུལ་དེའི་རིགས་ནི་མཁས་རློམ་དེ་ཚོའི་མིག་ཡ་གཅིག་པོ་དེས་མཐོང་བའི་གནས་ཚུལ་རེད་ལ་ངེས་པར་དུ་མཐོང་དགོས་པའི་གནས་ཚུལ་དེ་ཚོ་རེད། ཡང་རྡ་སའི་འདབས་སུ་སྒོར་མོ་འབུམ་ཉིས་བརྒྱ་ལྷག་གི་གནས་ཚུལ་ལྷགས་པ་དངོས་དོན་ཡིན་ཡང་། དྲ་རྒྱ་ཁག་ཏུ་དེ་ཙམ་གྱིས་བསྒྲགས་མེད། དེ་ཚོ་ནི་མཁས་རློམ་མིག་ཡ་གཅིག་མེད་པ་དེས་མ་མཐོང་བའི་གནས་ཚུལ་རིགས་རེད་ལ་ཁོ་ཚོས་མཐོང་ཡང་མི་ཆོག་པ་ཡིན། ཁང་གསར་རྡོ་རྗེ་ལགས་ཀྱང་དེའི་གྲལ་རེད། ཕྲན་ཆུང་གིས་ནི་བློ་བཟང་སེང་གེ་ལགས་འཛམ་གླེང་གི་ཕུལ་བྱུང་མི་སྣ་གཅིག་དང་མཁས་ཤིང་མཛངས་པའི་མི་སྣ་ཞིག་ཡིན་རབས་ནམ་ཡང་བསྒྲགས་མ་མྱོང་ལ་སྒྲོག་བགྱི་ཡང་མིན། ཡིན་ནའང། བཙན་བྱོལ་མི་མང་ཚོས་སོ་སོའི་ཁ་ལ་དཔག་པའི་སོ་ཞིག་བཀའ་ཁྲིར་བདམས་འདུག་པས་གུས་བཀུར་དང་རང་ནུས་གང་ཡོད་ཀྱིས་ཕྱར་གྲུ་མཉམ་འདེགས་བྱེད་བཞིན་ཡོད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།