བཙན་བྱོལ་བོད་མིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡ཉིན་སྤེལ། བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་མིའི་སྒེར་ལངས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་སྟེ། བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་མིན་སློབ་ཕྲུག་བོད་རང་བཙན་ཚོགས་པ་བཅས་ཀྱིས་དེ་རིང་ཞོགས་པར་མཉམ་འབྲེལ་ཐོག་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་མོ་ལོ༢༠འཁོར་ལ་ཉེ་བའི་གནད་དོན་ཁྱབ་བསྒྲགས་བྱེད་སླད་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

 

གསར་འགོད་གསལ་བསྒྲགས་ཀྱི་ནང་དོན་གཙོ་བོ་ནི། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་སྟེ་མི་ལོ༢༠ཧྲིལ་བོ་འཁོར་ལ་ཉེ་བའི་དུས་སྐབས་འདིར་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་ནག་གི་མང་གཙོ་དོན་གཉེར་ཅན་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད་ཁར། ཁོང་ཚོས་རྒྱ་ནག་མང་གཙོ་དང༌། འགྲོ་བ་མིའི་ཐོབ་ཐང༌། རང་དབང་ལ་སྨིན་པའི་དགོས་འདུན་བཏོན་གནང་བ་དག་ལ་ང་ཚོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

 

གཞན་ཡང་ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒེར་ལངས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་ངོས་ནས་རྒྱ་གཞུང་ལ་འབོད་སྐུལ་ཞུས་དོན། རྒྱ་གཞུང་གི་ངོས་ནས་སྐབས་དེིའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ནང་གནོད་འཚེ་ཕོག་པའི་མི་སྒེར་དང་ཁོ་ཚོའི་ནང་མི་ལྟོས་བཅས་ལ་ལུགས་མཐུན་གྱི་གུན་གསབ་སྤྲོད་དགོས་པ་སྨྲོས་མེད་དང༌། ལོ་རྒྱུས་ཀྱི་ནག་ཉེས་དེ་ངེས་པར་དུ་ངོས་ལེན་ཞུ་དགོས་པ་མ་ཟད། ཕྱི་ལོ༡༩༨༩ལོའི་ཟླ༦པའི་ཚེས༤ཉིན་རྒྱ་ནག་པེ་ཅིན་དུ་བྱུང་བའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་ཆབ་སྲིད་བཙོན་པ་དང༌། ཕྱི་ལོ༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཇུ་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་དཀྲོལ་དགོས་པའི་དགོས་འདུན་བཏོན་གྱི་ཡོད༌། ཅེས་གསལ་ཁྱབ་གནང་སོང༌།

 

བོད་མིའི་སྒེར་ལངས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་གཉིས་ཀྱི་བར་ཐད་ཀའི་འབྲེལ་ལམ་ཇི་ཡོད་དང༌། དེ་མིན་རྒྱ་ནག་མང་གཙོའི་བའི་འཐབ་རྩོད་དང་བོད་དོན་འཐབ་རྩོད་གཉིས་བར་གྱི་འདྲ་མ་འདྲ་བའི་ཆ་གང་ཡིན་ཐད་ཀྱི་གསར་འགོད་པའི་དྲི་བར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་ལན་ལྡོན་དོན། ང་ཚོ་དང་རྒྱ་ནག་གི་མང་གཙོ་དོན་གཉེར་ཚོའི་བར་ཐད་ཀའི་དམིགས་གསལ་ཅན་གྱི་འབྲེལ་ལམ་མེད་མོད། བོད་དང་རྒྱ་མི་རིགས་གཉིས་ཀྱིས་མཉམ་གཅིག་ཏུ་རྒྱ་གཞུང་གི་བཙན་དབང་འོག་དཀའ་སྡུག་མནར་གཅོད་མྱོང་བཞིན་པ་གཅིག་མཚུངས་ཡིན་ཐོག ང་ཚོ་ཚང་མས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་པ་སོགས་ཕན་ཚུན་ལ་རྒྱབ་སྐྱོར་དང༌། གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་རེད། ཅེས་འགྲེལ་བརྗོད་གནང་སོང༌།

 

དེ་མིན་བོད་མིའི་སྒེར་ལངས་ཆེན་མོའི་གྲོ་སྒྲིག་ཚོགས་ཆུང་གི་བཀོད་འདོམས་འོག ཕྱི་ཟླ༦པའི་ཚེས༣ཉིན་ཏེ་དྲུག་བཞིའི་དོན་རྐྱེན་མ་བྱུང་བའི་སྔ་ནུབ་ཀྱི་ཉིན་མོར་བཞུགས་སྒར་ངྷ་རམ་ས་ལར་མཚན་རྟགས་བསྡུ་རུབ་དང༌། དགོང་མོ་དེར་མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་མ་ཟད། དྲུག་བཞི་དོན་རྐྱེན་དང་འབྲེལ་ཡོད་ཀྱི་གཟིགས་མོ་སྒོ་ཆེན་ཕ་རོལ་གྱི་ཞི་བདེ་ཞེས་པ་གཟིགས་འབུལ་གནང་རྒྱུ་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།