མདོ་སྟོད་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་དམ་འབུལ་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༣༡ཉིན། དེ་རིང་ཞོགས་པར་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུ་དྲུང་རྒྱལ་མཚན་ལགས་དགོངས་ཞུ་གནང་བའི་ཚབ་ཏུ་སྐབས་ ༡༥ པའི་མདོ་སྟོད་སྤྱི་འཐུས་སྒུག་ཐོ་དང་པོ་བློ་བཟང་ཡེ་ཤེས་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་དུ་དམ་འབུལ་ཞུས་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་རྒྱུན་ལས་ཁག་གཅིག་ཚོགས་དྲུང་བཅས་ལྷན་འཛོམས་ཐོག་མདོ་སྟོད་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲིར་མཇལ་དར་ཕུལ་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་གིས་དབུས་ལས་བྱེད་སོགས་ཀྱི་ཁོང་ལ་འཚམས་འདྲིའི་མཇལ་དར་ཕུལ། དེ་ཡང་སྤྱི་འཐུས་གཡུ་དྲུང་རྒྱལ་མཚན་ལགས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྟོད་སྤྱི་འཐུས་ནས་དགོངས་པ་ཞུས་པའི་ཚབ་ཏུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ ནང་གསེས་ ༣ དགོངས་དོན་ལྟར་། དབུས་འོས་བསྡུ་ལས་ཁང་ནས་མདོ་སྟོད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བློ་བཟང་ཡེ་ཤེས་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། ཁོང་གིས་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་དུ་ལས་འཁུར་དམ་འབུལ་ཞུས་ཡོད།

དེ་ཡང་བློ་བཟང་ཡེ་ཤེས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་ཕྱི་ལོ་ ༡༩༨༨ ལོར་ཧ་པ་སྤུར་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན་ཏེ་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་མྱོང་ཡོད། ཕྱི་ལོ་ ༡༩༩༢ ལོར་ཅན་རྡི་རྒར་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག (B.A) དང་དགེ་རྒན་འོས་སྦྱོང་(B.ed) ཐོན། སློབ་ཡུན་རིང་ཅན་རྡི་སྒར་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། ས་གནས་གཞོན་ལྷན་གྱི་ཚོགས་གཙོ། ཅན་རྡི་སྒར་ཕྱི་རྒྱལ་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཞོན་བཅས་ཀྱི་ལས་འཁུར་ཞུས། དེ་རྗེས་སྤོན་ཊ་གཏན་སློབ་ཏུ་དགེ་རྒན་ལོ་ཤས་བྱས་རྗེས་ཕྱི་ལོ་ ༡༩༩༤ ལོར་ལྡི་ལི་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ལས་འཁུར་ལོ་ ༦ ཞུས། དེ་ནས་ཕྱི་ལོ ༡༩༩༩ ལོར་སྦེལ་ཀོབ་སེར་བྱེས་སློབ་གྲྭར་དགེ་རྒན་ལོ་ ༦ བྱས་རྗེས་ཕྱི་ལོ་ ༢༠༠༡  ནས་ ༢༠༠༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྒྲིག་འཛུགས་འགན་འཛིན་དང་ཚོགས་གཞོན་གྱི་ལས་འཁུར་ཞུས་རིང་བོད་དོན་དང་འབྲེལ་བའི་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་འགྲོས། རྔམ་སྟོན་ཁྲོམ་སྐོར། བོད་དོན་གོ་རྟོག་སྤེལ་བའི་ཟབ་སྦྱོང་།རང་བཙན་གོམ་འགྲོས་ཀྱི་སྣེ་ཁྲིད། མཉམ་སྦྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་སྙན་ཐོ་དང་རྒྱ་ནག་གི་འཁྱོག་བཤད་ཡིག་ཆ་ཁག་ལ་ལན་འདེབས། ཕྱི་ལོ་ ༢༠༠༢ དང་ ༢༠༠༦ སོ་སོའི་དུས་འཁོར་དབང་ཆེན་སྐབས་གཞོན་ལྷན་གྱི་སྤྱི་ཚོགས་ཞབས་ཞུའི་སྣེ་ཁྲིད་འགན་ཁུར། དེ་བཞིན་བོད་མི་གཞིས་སྒར་དང་། སློབ་གྲྭ མཐོ་སློབ་ཕལ་མོ་ཆེར་ཆེད་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་དང་ཆབ་སྲིད་གོ་རྟོགས།

དེ་བཞིན་རྒྱལ་ཞེན་སློབ་གསོའི་ཟབ་སྦྱོང་སྣ་མང་སྤེལ་སོགས་ཀྱི་ལས་འགུལ་སྣ་མང་ཞིག་གི་འགན་ཁུར་རྐང་ལེན་གོ་སྒྲིག་ཞུས་མྱོང་ཡོད། ཕྱི་ལོ་ ༢༠༠༧ ནོར་གཉན་ནད་རག་དུག་གི་ནད་གཞི་འགོག་ཐབས་ཆེད་དུ་འདམ་ག་ཚོགས་པ་ (CHOICE) ཞེས་གསར་འཛུགས་ལ་རམ་འདེགས་ཀྱི་ཚོགས་མི་དང་ལྷོ་གཞིས་ཁག་ལྔའི་ནད་པར་ལྟ་སྐྱོང་གི་འགན་ཁུར་ཞུ་མུས་ཡིན། ཕྱི་ལོ་ ༢༠༠༨ ལོར་བོད་བར་ཞི་བའི་གོམ་འགྲོས་ཀྱི་འབྲེལ་མཐུད་པའི་འགན་ཁུར་སོགས་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་འགན་འཁུར་གང་ནུས་ཞུས་དང་ཞུ་བཞིན་ཡོད་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་དགོངས་ཞུས་བྱས་པའི་ཚབ་ཏུ་སྤྱི་འཐུས་གསར་བྱུང་བ་བློ་བཟང་ཡེ་ཤེས་ལགས་སུ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་ལས་དོན་ཅི་བསམ་འགྲུབ་པའི་སྨོན་འདུན་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།