རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས༡༥།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༡ཉིན་སྤེལ། སྐབས༡༥པའི་རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ཕྱི་ཚེས༣༡ཉིན་བཞུགས་སྒར་ངྷ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་འགོ་ཚུགས་ཡོད་ཅིང༌། དཔའ་རྒྱལ་བ་ཀརྨ་པ་མཆོག་དང་ཀང་ར་རྫོང་ཉེན་རྟོག་ཁང་གི་བཀོད་འདོམས་དཔོན་གཉིས་ཀྱིས་གཙོས་པའི་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་སྐུ་ཚབ་རྣམ་པ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་མི་སྣ་སྐུ་མགྲོན་དུ་གདན་འབོད་ཞུས་ཡོད་ཁར། སེར་སྐྱ་མང་ཚོགས་བརྒྱ་ཕྲག་མང་པོ་རྩེད་འགྲན་ལ་གཟིགས་མོལ་དུ་ཕེབས་ཡོད་པ་རེད།

རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ངོ་སྤྲོད་སྒྲོག་འདོན་གནང་དོན། ཕྱི་ལོ༡༩༩༨ལོའི་ཟླ༡༠པའི་ནང་ཨི་ཊ་ལིའི་རོལ་དབྱངས་ཚོགས་པ་ཞིག་གིས་བོད་རིགས་གཞོན་སྐྱེས་ཚོ་རྐང་རྩེད་སྤོ་ལོའི་འགྲེམས་སྟོན་འགྲན་བསྡུར་ཞིག་ཏུ་གདན་འབོད་ཞུས་པ་ལྟར། སྐུའི་གཅེན་མོ་རྗེ་བཙུན་པད་མ་མཆོག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག བོད་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ཐོག་མ་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་ཏུ་བསྡུ་རུབ་དང་དགོས་ངེས་ཀྱི་སྦྱོང་བརྡར་གནང་ཐོག ཕྱི་ལོ༡༩༩༩ལོར་བོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མ་དེ་ཨེ་ཊ་ལིའི་གྲོང་ཁྱེར་སྦོ་ལོ་ནེའེ་ཡ་ནང་རྩེས་པ་རེད། དེ་རྗེས་ཕྱི་ལོར༢༠༠༡ལོར་ཌེན་མག་བོད་ཀྱི་རིག་གཞུང་ཚོགས་པའི་གདན་འདྲེན་བྱས་པ་ལྟར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གིས་གྷི་རི་ལན་ཌིའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་དང་འགྲན་བསྡུར་གནང་ཡོད་པ་རེད། དེ་ཡང་ཕྱི་ལོ༢༠༠༢ལོར་བོད་ཀྱི་རྩེད་རིགས་ཚོགས་པ་དངོས་སུ་གསར་འཛུགས་ཀྱིས་རྩེད་རིགས་ཐད་ཀྱི་ལས་དོན་དག་གོ་སྒྲིག་དང་ལས་ཁུར་གནང་ཞིང༌། རྩེད་རིགས་ཚོགས་པའི་ལས་འགན་གཙོ་བོ་ནི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་བཀོད་སྒྲིག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ལུས་རྩལ་གྱི་སྡིངས་ཆ་ཞིག་གསར་བསྐྲུན་དང་སྦྲགས། རྒྱལ་ཡུམ་དམ་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གཉིས་ཡིན་ཞེས་དང༌། གཞན་ཡང་རྩེད་འགྲན་རུ་ཁག་གི་རྩེད་མོ་བ་རྣམས་ཀྱིས་ལྷན་འཛོམས་མཉམ་རུབ་ཀྱི་གོ་སྐབས་འདི་བརྒྱུད་ཕན་ཚུན་རྒྱུས་ལོན་དང༌། ཕན་ཚུན་སློབ་སྦྱོང༌། མཐུན་སྒྲིལ་དམ་ཟབ་སོགས་བྱེད་དགོས་ཤིང༌། ང་ཚོས་རྩེད་འགྲན་གོ་སྒྲིག་པའི་ངོས་ནས་ཀྱང་འགྲན་བསྡུར་གྱི་རྒྱལ་ཕམ་གཙིགས་ཆེ་རུ་འཛིན་གྱི་མེད་པར། འགྲན་བསྡུར་སྔོན་གྱི་ཟླ་གཅིག་གི་སྦྱོང་བརྡར་དེ་རྒྱལ་ཁ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་གཏམ་བཤད་སྤེལ་སོང༌།

སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྩེད་འགྲན་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང༌། རྩེད་མོ་བ། དེ་བཞིན་དུ་གཟིགས་མོལ་བ་ལྷན་རྒྱས་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཆབས་གཅིག་ཏུ་གསུང་དོན། རྒྱལ་ཡུམ་ཆེན་མོ་རྗེས་དྲན་ཆེད་འཛུགས་ཉར་གནང་བའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དུ་གདན་འབོད་གནང་བར་ང་རང་དགའ་བོ་བྱུང་ལ། ང་རང་རྩེད་མོའི་སྐོར་ལ་རྒྱུས་ལོན་མེད་སྟབས། འདིའི་སྐོར་ལ་མང་པོ་ཞིག་ཞུ་རྒྱུ་མེད་མོད། ཡིན་ནའང་སྤྱིར་རྩེད་མོའི་རིགས་ནི་མང་ཚོགས་ཀྱི་དགའ་མོས་དང། གཅིག་གྱུར་གྱི་ནུས་པ། དེ་བཞིན་དུ་བདེ་སྐྱིད་དང་སྤྲོ་སྣང་མཚོན་བྱེད་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། གཟིགས་མོལ་བ་དང་རྩེད་མོ་བ་ཚོས་ངོས་ནས་དེ་རྩེད་མོའི་རྣམ་པ་ཙམ་མ་ཡིན་པར་དོན་སྙིང་དང་རྒྱབ་ལྗོངས་ཡོད་པ་ཞིག་ཏུ་ངོས་འཛིན་གནང་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། གཞི་རྩའི་ཆ་ནས་རྐང་རྩེད་སྤོ་ལོའི་རྩེད་འགྲན་དུ་གཞོན་སྐྱེས་མང་པོ་ཞིག་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་ལ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་སློབ་སྦྱོང་དང༌། འཚོ་བ། དེ་བཞིན་དུ་ལས་ཀ་སོགས་གང་ཅིའི་ཐད་དཀའ་ངལ་མང་པོ་འཕྲད་བསྡད་ཡོད་པའི་གནས་ཚུལ་ཆགས་ཡོད་ཙང༌། འདི་ལྟའི་གོ་སྐབས་བརྒྱུད་ཕན་ཚུན་ངོ་ཤེས་དང༌། དེ་བཞིན་དུ་འགྲན་རྩོད་ཀྱི་ཚོར་བའི་ཁྲོད་གཞོན་སྐྱེས་མང་པོ་ཞིག་གི་དཀའ་ངལ་སེལ་བར་ཁ་གཏུགས་ཀྱི་ཕན་འབྲས་ཐོན་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། དེ་བཞིན་དུ་རྐང་རྩེད་སྤོ་ལོའི་རྩེད་མོ་ལ་དགའ་ཞེན་དང་དོ་སྣང་གིས་ང་ཚོ་མི་མང་པོ་ཞིག་འདིར་འཛོམས་ཡོད་པ་དེས་ང་ཚོ་གཅིག་གྱུར་དང་སྤྲོ་སྣང་མཚོན་ཐུབ་ཀྱི་རེད་བསམ་གྱིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།