བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༣༠ ཉིན། དེ་རིང་ཞོགས་པ་ཆུ་ཚོད་༡༠ཙམ་གྱི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག བོད་དང་རྒྱ་གར་གྱི་གསར་འགོད་པ་ཚོར་ བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་བ་དང་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་ནང་པའི་གནས་ཆེན་ཁག་བཞི་རུ་གོམ་བགྲོད་ ཀྱིས་མཆོད་འབུལ་སྨོན་ལམ་དང་སྦྱིན་གཏོང་སྲོག་བླུ་སོགས་རྣམ་དཀར་དགེ་བའི་ལས་ རྒྱ་ཆེར་བསྒྲུབས་པའི་མཇུག་སྡོམ་ཚོགས་འདུ་ཞིག་བསྡུས་སོང་།

དད་པའི་གོམ་བགྲོད་གོ་སྒྲིག་པ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་འཇར་མན་ནས་ཡིན་པ་བོད་དོན་རྒྱབ་སྐྱོར་བ་ཇོ་ཧཱ་མེལ་ཊོན་ལགས། ལ་དྭགས་ནས་ཡིན་པ་སློབ་མ་བཀྲ་ཤིས་རྣམ་རྒྱལ་ལགས་དང་དགེ་འདུན་པ་དཀོན་མཆོག་ནོར་བུ་ལགས་བཅས་ཡིན་ལ། དགེ་འདུན་པ་དཀོན་མཆོག་ནོར་བུ་ལགས་ཕུད་གཞན་གསུམ་དེ་རིང་ཚོགས་འདུར་དངོས་བཅར་གནང་འདུག

བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་བ་དང་བཙོན་འོག་ཏུ་མནར་གཅོད་མྱོིང་བཞིན་པ་རྣམས་ཀྱི་ཆེད་དུ་སྤེལ་བའི་དད་པའི་གོམ་བགྲོད་དེ་ནི་ཕྱི་ཚེས་༩ཉིན་གྱི་ཞོགས་པར་སྟོན་པ་སངས་རྒྱས་ས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་དྲུང་ནས་འགོ་བཙུགས་ཏེ། ནང་པའི་གནས་ཆེན་ཁག་བཞི་རུ་གོམ་བགྲོད་ཀྱིས་མཆོད་འབུལ་སྨོན་ལམ་དང་སྦྱིན་གཏོང་སྲོག་བླུ་སོགས་རྣམ་དཀར་དགེ་བའི་ལས་རྒྱ་ཆེར་གནང་ཡོད་པ་མ་ཟད། སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་ཚེ་ཧྲིལ་བོའི་ནང་༧གོང་ས་མཆོག་ལ་མཇལ་བའི་བསྐལ་བ་མ་ལྡན་པར་བརྟེན་སྟོན་པའི་སྐུ་བརྙན་ཞིག་བླུས་ཏེ་༧མགོན་པོ་གང་ཉིད་ཀྱི་དྲུང་ནས་བྱིན་འཇུག་དང་གོམ་བགྲོད་སྐབས་གནས་ཆེན་ཁག་ལ་གདན་འདྲེན་གྱིས་སྐུ་གཤེགས་དམ་པ་དག་གི་ཆེད་བསྔོ་སྨོན་དགེ་སྒྲུབ་གནང་ཡོད་འདུག

གོམ་བགྲོད་ཀྱི་ངོ་བོ་དང་རྒྱུ་མཚན་སོགས་ཀྱི་ཐད་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཉེ་ལམ་ང་རང་འཇར་མན་ནང་ལྟ་སྐོར་དུ་འགྲོ་སྐབས། ཕྱི་ལོ་༡༩༣༣ལོར་ཧེ་ཊི་ལར་གྱིས་ཇེའུ་མི་རིགས་སྡེབ་གསོད་གཏོང་སའི་བཙོན་ར་དེ་མཐོང་དུས་རྒྱ་ནག་གི་བཙོན་ཁང་དུ་བོད་རིགས་ཆབ་སྲིད་བཙོན་པ་དག་གི་དཀའ་སྡུག་དང་མནར་གཅོད་ལ་རྒྱུས་ལོན་བྱ་རྒྱུར་དཔེར་མཚོན་ཐག་ཉེ་ཤོས་ཤིག་དང་། བོད་དང་བོད་མིས་ཡ་ང་བའི་ལོ་རྒྱུས་ཀྱི་ནམ་ཟླ་ཇི་ལྟར་འཁུར་བཟིན་པའི་གནས་བབ་ལ་ཤེས་རྟོགས་ཇེ་ཟབ་ཏུ་འགྲོ་བའི་གོ་སྐབས་ཤིག་ཏུ་གྱུར་བྱུང་། བཙོན་ར་དེ་མཐོང་སྐབས་ཡབ་དམ་པ་མཆོག་རྒྱུའི་བཙོན་ཁང་དུ་ལོ་༢༠ལྷག་རིང་བཙོན་འཇུག་བྱས་པའི་ལོ་ཟླའི་ནང་མནར་གཅོད་དང་དཀའ་སྡུག འཇིགས་སྣང་། བཀྲེས་སྐོམ། གྲང་ངད་སོགས་ཇི་ལྟར་མྱངས་བ་སོགས་རེ་རེ་བཞིན་དྲན་གསོས་རུ་བཅུག་སོང་བས། ང་རང་གིས་སོ་སོའི་རང་དབང་བེད་སྤྱད་དེ་༼བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད༽ཅེས་པའི་གོམ་བགྲོད་འདི་འགོ་འཛུགས་བྱས་པ་ཡིན་ལ། ཐེངས་འདིའི་དད་པའི་གོམ་བགྲོད་ནི་༧རྒྱལ་བའི་དགོངས་བཞེད་སྒྲུབ་པའི་གོམ་བགྲོད་ཅིག་དང་། བོད་བསྟན་སྲིད་སླད་རང་སྲོག་འདོར་པར་གནོང་འགྱོད་དང་ཕྱི་ཤོལ་མེད་པའི་ཡབ་ཆེན་དམ་པའི་རྗེས་སུ་འབྲང་པའི་གོམ་བགྲོད། བོད་མིའི་དཀའ་སྡུག་གི་བྱུང་བ་བརྗོད་པའི་གོམ་བགྲོད། རང་དབང་ལ་ཕྱོགས་པའི་གོམ་བགྲོད། སྙིང་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་སུ་དྲན་པའི་གོམ་བགྲོད། གཞིས་བྱེས་མཉམ་འཛོམས་ཡོང་བའི་གོམ་བགྲོད་བཅས་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

དེ་རྗེས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇོ་ཧཱ་མེལ་ཊོན་ལགས་ཀྱིས་ང་ཚོས་གཙོ་བོ་བོད་ནང་ལ་ཁ་གཏད་ནས་རང་དབང་དང་དྲང་བདེན་གྱི་ཆེད་དུ་ལས་འགུལ་རིམ་པར་སྤེལ་རྒྱུ་གལ་ཆེན་ཡིན་པ་དང་། མུ་མཐུད་དུ་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་གནང་རྒྱུ་ཡིན་ལུགས་སོགས་གསུངས་སོང་བ་དང་། དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོས་རང་འགན་རང་འཁུར་གྱིས་འདི་ལྟར་ལས་འགུལ་རིམ་པར་སྤེལ་བར་འབོད་སྐུལ་གནང་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།