བོད་ཀྱི་བུ་མོ་བཞིས་༢༠༠༩ལོའི་མཛངས་མའི་འགྲན་བསྡུར་ནང་ཞུགས་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༥པའི་ཚེས༢༩ཉིན་སྤེལ། དེ་རིང་ཞོགས་པར་བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱི་ལོ༢༠༠༩ལོའི་མཛངས་མའི་འགྲན་བསྡུར་ཐེངས་བརྒྱད་པའི་ནང་ཞུགས་མཁན་འོས་མི་བཞི་དང་ལྷན་དུ་སྔོན་འགྲོའི་གསར་འགོད་གསལ་བསྒྲགས་ཤིག་བཞུགས་སྒར་ངྷ་རམ་ས་ལར་སྤེལ་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ཐོག་བློ་བཟང་དབང་རྒྱལ་ལགས་ཀྱིས་བརྗོད་དོན། ནམ་རྒྱུན་གྱི་མཛངས་མའི་འགྲན་བསྡུར་ཚོགས་དུས་དགུན་ཟླ༡༠ནི་མཚན་མོར་གྲང་ངར་ཆེ་ཁར། བོད་མི་ཕོན་ཆེ་བ་རྒྱ་གར་ས་ཁུལ་གཞན་དུ་བལ་གོས་སོགས་ཀྱི་ཚོང་ཟོག་སྡེབ་ཚོང་རྒྱག་ཏུ་འགྲོ་བའི་དུས་དང་སྟབས་འཁེལ་ཡོད་པས། ཕྱི་ལོ༢༠༠༩ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་དབྱར་ཟླ༦པའི་ནང་སྤོ་ནུར་བྱས་པ་ཡིན་ལ། ཐེངས་འདིའི་མཛངས་མའི་འགྲན་བསྡུར་ལ་བུ་མོ་བདུན་གྱིས་སྙན་ཞུ་ཕུལ་ཡོད་ཀྱང༌། མཐའ་མར་བུ་མོ་གསུམ་གྱིས་སྒེར་གྱི་དཀའ་ངལ་གྱི་དབང་གིས་ཕྱིར་འཐེན་གནང་སོང༌། ཞེས་དང༌། གཞན་ཡང་ད་ལོ་ནི་བོད་མི་བཙན་བྱོལ་བ་ཆགས་ཏེ་ལོ༥༠འཁོར་བའི་ལོ་དུས་ཁྱད་པར་ཅན་ཡིན་སྟབས། ལོ་༥༠འདིའི་རིང་ལ་བོད་མི་རིགས་དེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་གཟི་བརྗིད་དང་ལྷག་བསམ་ལྡན་པའི་སྒོ་ནས་འཚོ་གནས་ཡོད་པའི་སྣང་ཚུལ་ཐེངས་འདིའི་མཛངས་མའི་འགྲན་བསྡུར་བརྒྱུད་འཛམ་གླིང་སྐྱེས་འགྲོ་ཀུན་ལ་གསལ་སྟོན་གནང་རྒྱུ་ཡིན་པ་ཟད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ལོ་༥༠རིང་ཐད་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང།

ཕྱི་ལོ༢༠༠༩ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་བཞི་ལ་བདུན་ཕྲག་གཅིག་རིང་ནང་དེང་རབས་གླུ་གཞས་དང༌། བཀའ་མོལ་གནང་སྟངས། བོད་ཀྱི་ཆོས་དང་རིག་གཞུང༌། བོད་ཀྱི་ཁོེར་ཡུག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང༌། ལུས་རྩལ་སྦྱོངས་བརྡར། མཛེས་སྤྲས་བྱེད་སྟངས་ཀྱི་ངོ་སྤྲོད་དང་སྦྱོངས་བརྡར་སྤྲོད་རྒྱུ་རེད་ལ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་སློབ་གྲྭ་ཁག་ལ་ལྟ་སྐོར་དུའང་ཁྲིད་རྒྱུ་རེད་འདུག དེ་ཡང་འོས་གཞིའི་ཉིན་དང་པོའི་ཉིན་རྐྱལ་གོས་གོན་པའི་འགྲན་བསྡུར་དང། ཉིན་གཉིས་པར་བོད་དོན་དང་འབྲེལ་བའི་ལབ་གླེང། དེ་མིན་གླུ་དང་ཞབས་བྲོའི་སྒྱུ་རྩལ་ཤེས་འཇོན་འགྲན་བསྡུར། ཉིན་གསུམ་པར་ལས་རིམ་བཞི་སྟེ། སྒེར་གྱི་ངོ་སྤྲོད། དགོང་ཆས་གྱོན་རྩལ། ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་ལབ་གླེང། དྲི་བ་དྲིས་ལན་བཅས་འགྲན་བསྡུར་མཇུག་རྫོགས་རྒྱུ་རེད་འདུག

འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ལ་ཧིན་སྒོར་འབུམ་གཅིག་གི་གསོལ་རས་དང༌། ཨང་གཉིས་པར་ཧིན་སྒོར༥༠༠༠༠། ཨང་གསུམ་པར་ཧིན་སྒོར་༢༥༠༠༠། ཐ་མ་དེ་ཁ་སྐྱེངས་པའམ་ལག་སྟོང་མ་ཡོང་ཆེད་ཧིན་སྒོར༥༠༠༠གནང་རྒྱུ་ཡིན་ལ། འགྲན་བསྡུར་ཁྲོད་ཧིན་སྒོར་༥༠རྒྱན་ཤོག་གོ་སྒྲིག་མཛད་ཡོད་ཅིང།རྒྱན་ཤོག་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་གྱིས་རང་གི་རོགས་པ་གཅིག་ཁྲིེད་ནས་༢༠༠༩ལོའི་མཛངས་མ་དང་ལྷན་དུ་ཞལ་ལག་མཉམ་ཟ་བྱ་ཆོག ཅེས་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་པར་བརྗོད་སོང༌།

རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་ཁར་ཚོང་ལས་བཟོ་གྲྭ་ཆེན་པོ་ཞིག་གིས་ཐེངས་འདིའི་མཛངས་མའི་འགྲན་བསྡུར་ལ་དངུལ་གྱི་མཐུན་སྦྱོར་ཆ་ཚང་གནང་ཡོད་འདུག

བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་བཞིའི་ངོ་སྤྲོད་མདོར་བསྡུས་གཤམ་གསལ།

སྒྲོལ་དཀར། རང་ལོ༢༤། དྷེ་ར་དྷུང༌། གློག་ཀླད་དང་གཉན་ཆས་བཟོ་བཀོད་པ།

ངག་དབང་ཆོས་ཡོན། རང་ལོ༡༨། དྷ་རྗེ་གླིང། འཛིན་གྲྭ་བཅུ་གཉིས་པའི་སློབ་མ།

བསྟན་འཛིན་ཆོས་འཛོམས། རང་ལོ༢༠། ངྷ་རམ་ས་ལ། འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་མ་ཐག

ཡེ་ཤེས་ལྷ་མོ། རང་ལོ༢༤། བྷིར། ལྡི་ལི་རུ་སྨན་གཡོག་གི་ལས་གཉེར་བྱེད་བཞིན་པ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།