བཀའ་ཁྲི་མཆོག་གིས་ལོ་གསར་དགའ་སྟོན་མི་བྱེད་པའི་འབོད་སྐུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༦ཉིན། དེ་རིང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་༼བོད་གཞུང་༽གི་བཀའ་བློན་ཁྲི་པ་༼སྲིད་སྐྱོང་བ་༽བློ་བཟང་སེངྒེ་མཆོག་གིས། ད་ལྟ་བོད་ནང་དུ་ཛ་དྲག་གི་གནས་སྟངས་བཅས་ལ་བརྟེན། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས། ཕྱི་ལོ་༢༠༡༢ལོའི་ལོ་གསར་པར་དགའ་སྟོན་མི་བྱེད་པའི་འབོད་སྐུལ་གནང་འདུག

འབོད་སྐུལ་གྱི་གསལ་བསྒྲགས་དེའི་ནང༌། བཀའ་ཁྲི་མཆོག་གིས། ཉེ་ཆར་ཕྱི་ལོ་༢༠༡༢ལོའི་ཕྱི་ཚེས་༢༣དང་༢༤སོགས་ལ་རྒྱ་མི་རིགས་ཀྱིས་ལོ་གསར་སྲུང་བརྩི་བྱེད་བཞིན་པའི་དུས་དེར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་དམག་གིས་ཁམས་བྲག་མགོ་དང༌། གསེར་རྟ། རྔ་པ། རྒྱ་རོང་སོགས་སུ་བོད་མི་ཞི་རྒོལ་བ་བརྒྱ་ཕྲག་འགའ་ཤས་སྟེང་དྲག་གནོན་ཚབ་ཆེན་བྱས་ནས་བོད་མི་༦དམར་གསོད་དང༌། བོད་མི་༦༠ཙམ་ལ་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད།

རྒྱ་ནག་གཞུང་གིས་བོད་མི་ཐོག་བཙན་གནོན་དང་དྲག་སྤྱོད་ཀྱི་བྱེད་སྟངས་འདིས་བོད་མི་ཚོར་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཇེ་ཆེར་འགྲོ་རྒྱུ་ལས་མ་འདས། ངོས་ཀྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་བོད་ནང་དུ་བོད་མི་མང་པོ་ཞིག་གིས་རང་ལུས་མེ་སྲེག་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད། རྒྱ་ནག་གཞུང་གིས་དྲག་གནོན་དང་དམར་གསོད་ཁོ་ནའི་ཐོག་ནས་བོད་ཀྱི་དཀའ་རྙོག་དེ་བཞིན་སེལ་ཐབས་མེད་ཅིང༌། བོད་རྒྱའི་དཀའ་རྙོག་སེལ་བར་ཐབས་ལམ་གཅིག་ཡོད་པ་ནི་ཞི་མོལ་ཁོ་ན་ཡིན་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཡང་བཀའ་ཁྲི་མཆོག་གིས། ང་ཚོས་གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་དཀའ་སྡུག་ཚོར་གྱིན་ཡོད། ཧ་ལས་པའི་དཀའ་ངལ་འོག་ཁྱེད་ཚོས་ནམ་ཡང་སེམས་ཤུགས་མ་ཆགས་པར་གནང་རོགས་ཞུ་རྒྱུ་ཡིན། གཞིས་བཞུགས་བོད་མི་རིགས་སྤུན་ཟླ་རྣམས་ནི་ང་ཚོའི་སྲོག་སྙིང་ལྟ་བུ་ཡིན་ཞིང་དུས་དང་རྣམ་པ་ཀུན་ཏུ་ང་ཚོས་ཁྱེད་ཚོར་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་རྒྱག་གིན་ཡོད།

དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་ད་ལྟའི་བོད་ནང་དུ་དཀའ་སྡུག་དང་ཛ་དྲག་གི་གནས་སྟངས་བཅས་ལ་བརྟེན། འདི་ལོ་ཕྱི་ཟླ་༢པའི་ཚེས་༢༢ཉིན་ཁེལ་བའི་བོད་མིའི་ལོ་གསར་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྟེ། བསང་གསོལ་གཏོང་བ་དང༌། མཆོད་འབུལ་སྨོན་ལམ་སོགས་བྱ་རྒྱུ་ལས་དེ་མིན་དགའ་སྤྲོའི་རྣམ་པའི་ཐོག་ནས་ལོ་གསར་སྲུང་བརྩི་མི་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་བོད་ནང་དུ་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཕྱི་ལོ་༢༠༡༢ཟླ་༢པའི་ཚེས་༨རེས་གཟའ་མིག་དམར་ཉིན། རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་སྤྱོད་དང་དམར་གསོད་མཚམས་འཇོག་དགོས་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ལགས་ན། འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཚང་མས་ས་གནས་གཞུང་གི་ཁྲིམས་སྲོལ་དང་མཐུན་པའི་ཐོག་ནས་ལས་འགུལ་ནང་ངེས་པར་དུ་མཉམ་ཞུགས་གནང་རོགས་ཞེས་གསུངས་འདུག བཀའ་ཁྲི་མཆོག་གིས་གསལ་བསྒྲགས་གནང་བའི་གློག་བརྙན་འདིར་གཟིགས་རོགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།