གཞོན་ལྷན་གྱི་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༥ཉིན། ཁ་སང་ཕྱི་ཚེས་༢༤ཉིན་གྱི་ཕྱི་དྲོར། རྡ་ས་མེག་གྷན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་སྐུ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པའི་མར་མེའི་ཁྲོམ་སྐོར་བྱས་སོང་།

དེ་ཡང་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ་འཁོད་དོན། ཁ་སང་ཕྱི་ཚེས་༢༣ཉིན་གྱི་ཞོགས་པར་བྲག་མགོ་རྫོང་དུ་བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་བོད་མི་ཚོར་གང་བྱུང་གེ་མདས་བརྒྱབ་ཏེ་བོད་མི་༦བསད་ཡོད་པའི་གནས་ཚུལ་བྱུང་བ་དང་བོད་མི་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའི་གནས་ཚུལ་བྱུང་སྟབས། དམག་མི་དང་མི་མང་ཕན་ཚུན་འཁྲུག་འཛིང་ཤོར་བའི་གནས་ཚུལ་བྱུང་ཡོད་འདུག་ལ། ཁ་སང་གི་དོན་རྐྱེན་བྱུང་མ་ཐག་བྲག་མགོ་རྫོང་གི་ཉེ་འཁོར་དུ་ཡོད་པའི་རྟའུ་རྫོང་ནས་བོད་མི་རླངས་འཁོར་༤ཙམ་དང་དཀར་མཛེས་རྫོང་གི་བོད་མི་བཅས་བསྡོམས་བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་བྱུང་སྟེ། རྒྱ་གཞུང་གིས་བྲག་མགོ་རྫོང་གི་ས་གནས་གང་སར་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བྲག་མགོ་དགོན་པའི་ཆོས་རའི་ནང་དུ་བོད་མི་སྟོང་ཕྲག་དྲུག་ལྷག་འཛོམས་ཡོད་པ་དང་། རྟའུ་རྫོང་ནས་བོད་མི་རླངས་འཁོར་བཞི་བཅུ་ཙམ་བྲག་མགོ་རྫོང་དུ་སླེབས་ཟིན་ཡོད་འདུག བོད་མི་རྨས་སྐྱོན་ཕོག་པ་ཧ་ཅང་མང་པོ་ཞིག་ཡོད་འདུག་པ་དང་། དེའི་ནང་ནས་བྲག་མགོ་དགོན་པའི་སྨན་པ་བསྟན་འཛིན་དར་རྒྱས་ཞེས་པ་ཞིག་ཡོད་པ་ཁོང་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། མེ་མདའི་མདེའུ་ཁོག་པའི་ནང་དུ་ལྷག་ཡོད་པ་བྲག་མགོ་དགོན་པའི་སྨན་ཁང་ནས་འདོན་ཐུབ་ཀྱི་མེད་པ་དང་།བྲག་མགོ་རྫོང་གི་སྨན་ཁང་དུ་སོང་ན་མདེའུ་ཁོག་ནས་འདོན་ཐུབ་ཀྱང་། རྒྱ་གཞུང་གིས་རྐྱེན་འདས་གཏོང་སྲིད་པ་དང་། ཐ་ན་ཕུང་པོ་ཡང་ཕྱིར་རྩིས་སྤྲོད་མི་བྱེད་པར་དོགས་པ། གལ་སྲིད་རྨས་སྐྱོན་དྲག་ཙམ་བྱུང་ཡང་བཙོན་ཁང་དུ་འཇུག་སྲིད་པ་སོགས་ལ་དོགས་ནས་རྒྱ་གཞུང་གིས་སྨན་ཁང་དུ་སྐྱེལ་ཕོད་ཀྱི་མེད་པས་ཁོང་གི་གནས་ཚུལ་ཛ་དྲག་ཏུ་གྱུར་ཡོད་འདུག

དེ་རིང་ཞོགས་པ་ནས་བཟུང་བྲག་མགོ་རྫོང་དུ་བོད་མི་ཚོས་ཡར་ལངས་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པར་བརྟེན། ཛ་དྲག་གི་གནས་ཚུལ་ཡོང་བཞིན་ཡོད་པ་དང་། ད་ལྟའི་ཆར་བྲག་མགོ་རྫོང་གི་ཉེ་འགྲམ་རྟའུ་རྫོང་དང་དཀར་མཛེས་རྫོང་གི་བོད་མི་གང་མང་ཞིག་ཀྱང་བྲག་མགོ་རྫོང་ཐོག་ཏུ་ཡོང་གི་ཡོད་འདུག གནས་ཚུལ་ངོ་སྤྲོད་བྱེད་མཁན་དེས་བརྗོད་གསལ་ལྟར་ན་མི་དྲུག་བསད་ཟིན་པ་དང་། རྨས་སྐྱོན་ཕོག་པ་མང་པོ་ཡོད་འདུག ད་ནངས་ཞོགས་པ་ནས་བཟུང་བྲག་མགོ་རྫོང་དུ་བོད་ལ་རང་དབང་དགོས་པ་དང་རྒྱ་མིའི་འོག་ཏུ་སྡོད་འདོད་མེད་པའི་སྐད་འབོད་བྱས་ཡོད་པ་དང་། རྒྱ་གཞུང་གིས་དྲག་གནོན་བྱས་ནས་བོད་མི་ལྔ་དྲུག་ཅིག་བསད་ཡོད་པ་དང་། བོད་མི་གང་མང་ཞིག་ལ་རྨས་སྐྱོན་བཏང་ཡོད་འདུག བོད་མི་རྣམས་ཀྱིས་ཐོག་མ་ཞི་རྒོལ་ཁོ་ན་བྱས་ཡོད་ཀྱང་། བོད་པ་གང་མང་ཞིག་དམར་གསོད་དང་རྨས་སྐྱོན་བཏང་བའི་རྗེས་སུ་བོད་མི་རྣམས་འུ་ཐུག་ནས་འཁྲུགས་འཛིངས་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། ད་ལྟའི་ཆར་འཁྲུགས་འཛིང་ཅུང་ཙམ་མཚམས་ཆད་ཡོད་ཀྱང་། རྟའུ་རྫོང་ཁོངས་ཀྱི་བོད་མི་དང་། དཀར་མཛེས་རྫོང་ཁོངས་ཀྱི་བོད་མི་གང་མང་ཞིག་ཀྱང་བྲག་མགོ་ཁུལ་དུ་ངོ་རྒོལ་བྱེད་པར་ཡོང་དང་ཡོང་བཞིན་ཡོད་འདུག རྨས་སྐྱོན་ཕོག་པ་རྣམས་ད་ལྟའི་ཆར་བྲག་མགོ་དགོན་པའི་སྨན་ཁང་དུ་ཡོད་པ་དང་། བྲག་མགོ་རྫོང་གི་སྨན་ཁང་དུ་སྐྱེལ་རྒྱུར་དོགས་པ་བྱེད་མཁན་གང་མང་བྱུང་ཡོད་འདུག བསད་ཟིན་པའི་ཁོངས་ནས་བྲག་མགོ་རྫོང་ཁོངས་གེ་འཕན་ལུ་ཁོག་མའི་གེ་འཕན་ལོ་བརྒྱ་ཚང་གི་བུ་གཅིག་དང་། བྲག་མགོ་ནོར་པ་འབྲོག་སྡེ་ནས་ཡིན་པ་བྲག་མགོ་རྫོང་ཁོངས་ཆ་ནང་དགོན་པའི་སྤྲུལ་སྐུ་བྱམས་པ་མགོན་པོའི་སྤུན་ཆེ་བ་ཡོན་ཏན་གཉིས་ཡིན་པ་དང་། ད་དུང་མི་གསུམ་བཞི་ཞིག་བསད་ཡོད་ཚུལ་ཡང་བརྗོད་སོང་།

དེ་བཞིན་གོང་ཚེས་ཉིན་བོད་ཁམས་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གཏོང་རྒྱུ་ཡིན་པའི་ཡིག་ཆ་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག་ཀྱང་། ཛ་དྲག་གི་གནས་ཚུལ་ལྷག་མེད་འདུག ཟླ་འདིའི་ཚེས་༢༤ཉིན་མི་མང་གིས་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་ངོས་ནས་དམག་མི་དང་ཉེན་རྟོག་པ་བཏང་སྟེ། ད་ལྟ་དྲག་གནོན་བྱེད་བཞིན་ཡོད་པ་དང་། མི་གཉིས་བསད་ཡོད་པའི་གནས་ཚུལ་ཐོན་འདུག

གཞན་ཡང་། ཕྱི་ཚེས་༢༣ཉིན་གྱི་སྔ་དྲོ་རྔ་པ་རྫོང་རྨེའུ་རུ་མའི་གསེར་ལྡེས་སྐེ་རྟགས་ཞེས་པའི་ས་གནས་ཀྱི་གཞུང་ལམ་དུ་རྨེའུ་རུ་མ་ཤང་དང་ཐག་ཉེར་ཡོད་པའི་གནམ་མཚོ་དགོན་པའི་དགེ་འདུན་པ་དང་། སྟོད་གོས་མ་གྱོན་པའི་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྩམ་པ་འགམ་བཞིན་མ་ཎི་འདོན་ནས་བསྡད་པ་དང་། ཉིན་གུང་ཙམ་ལ་མར་མེའི་ཁྲོམ་སྐོར་བྱེད་བཞིན་ཤང་ཐོག་ཏུ་འགྲོ་སྐབས། ཉེན་རྟོག་པ་དང་དམག་མི་འབོར་ཆེན་བསླེབས་ཏེ་མི་མང་གི་མདུན་བཀག་ཀྱང་། མི་མང་གིས་ཉན་འཇོག་མ་བྱས་པར་མ་ཎི་བཏོན་ཡོད་འདུག གློ་བུར་དུ་མི་མང་ཁྲོད་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ངོ་བོར་གྱུར་སྟབས། ཉེན་རྟོག་པས་གང་བྱུང་གཅར་རྡུང་དང་གནམ་མཚོ་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་ཞིག་རླངས་འཁོར་ཆེན་པོའི་ནང་བཅུག་ཏེ་བཙན་ཁྲིད་བྱས་ཡོད་པ་དང་། དེ་རིང་ཕྱི་ཚེས་༢༤ཉིན་ཉེན་རྟོག་པ་མང་པོ་རྨེའུ་རུ་མའི་ཤང་ཐོག་ཏུ་ཡོང་སྟེ་དམ་དྲག་བྱེད་ཀྱིན་ཡོད་པ་མ་ཟད། ཕྱི་ཚེས་༢༥ཉིན་ནས་ཉིན་༡༥རིང་འཚོགས་འཆར་ཡོད་པའི་ཀིརྟི་དགོན་པའི་སྨོན་ལམ་ལ་མཇལ་སྐོར་དུ་འགྲོ་མཁན་གྱི་བོད་མི་རྣམས་ལ་གཅར་རྡུང་དང་འཛིན་བཟུང་གིས་རྔ་པ་རྫོང་ཐོག་ཏུ་གཏོང་གི་མེད་པར་དམ་དྲག་བྱས་འདུག ཁ་སང་གི་གནས་ཚུལ་བྱུང་རྗེས། ཉེན་རྟོག་པས་རྔ་པ་རྫོང་མཁར་དུ་ཡོད་པའི་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་༡༡ཙམ་ལ་སྐྱ་སེར་༣༠༠ལྷག་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་འདུ་འཛོམས་སྐབས། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་བསླེབས་ཡོད་ཀྱང་། ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཀྱིས་མི་མང་དགོན་པར་སྐོར་བ་བྱེད་པར་མངགས་པར་ལྟར། མི་མང་གིས་ལག་ཏུ་མར་མེ་དང་སྤོས་བཟུང་བ་དང་མ་ཎི་འདོན་བཞིན་དགོན་པར་བསྐོར་བ་བྱས་འདུག ཆུ་ཚོད་༣གྱི་རྗེས་སུ་ཡང་བསྐྱར་སྐྱ་སེར་༥༠༠ལྷག་འདུ་འཛོམས་ཀྱིས་སྔར་བཞིན་སྤོས་དང་མར་མེ་བཟུང་ནས་དགོན་པར་བསྐོར་བ་བྱས་ཡོད་འདུག

བོད་རྒྱ་འོག་ཏུ་དབང་སྒྱུར་བྱ་འགོ་བཙུགས་པ་ནས་ད་ལྟའི་བར་རྒྱ་ནག་དམར་པོའི་སྲིད་གཞུང་གི་བོད་ཐོག་བཟུང་བའི་སྲིད་བྱུས་དང་བོད་མི་དམངས་ཀྱི་སྟེང་དྲག་གནོན་མཚམས་མ་བཞག་པར་བྱུང་དང་འབྱུང་བཞིན་པའི་ཡ་ང་བའི་ལོ་ཟླའི་ཁྲོད་བོད་མི་རིགས་ལ་བདག་པའི་རང་དབང་དང་རང་བཙན་ཐུགས་ངོགས་ནས་མ་དོར་བར་དྲག་ཚོན་ལ་གདོང་གཏད་དེ་འཚེ་མེད་ཞི་བའི་ལམ་ཁོ་ནའི་རྒྱ་ནག་དམར་པོའི་སྲིད་གཞུང་གི་གདོང་འབག་རལ་ཡོད། དེའི་ཕྱིར་འདི་ག་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་ཡོངས་བློ་ཐག་རྦད་ཆོད་ཀྱིས་བོད་མི་རིགས་དང་བོད་རང་བཙན། མི་རིགས་འདིའི་བདེན་དོན་ཆེད་སྐུ་སྲོག་ཤོར་བ་སྤྱི་དང་། ལྷག་པར་ཉེ་བའི་ཆར་སྐུ་སྲོག་ཤོར་བ་དང་རྨས་སྐྱོན་བཏང་ཡོད་པ་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པ་དང་ང་ཚོ་དུས་རྟག་ཏུ་ཁྱེད་རྣམ་པའི་རྒྱབ་དཔུང་དུ་ཡོད་པ་བཅས།

རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་ཚུལ་མཁོ་སྒྲུབ་ཞུས་ཏེ་འགྲེམས་སྤེལ་བྱས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།