བོད་གཞུང་གིས་ཛ་དྲག་མཆོད་འབུལ་སྨོན་ལམ་ཚོགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༥ཉིན། ཉེ་ཆར་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་ཅིག་གིས་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སོང་བ་རྣམས་ཀྱི་ཆེད། དེ་རིང་ཞོགས་པ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ཛ་དྲག་གི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང༌།

མཆོད་འབུལ་སྨོན་ལམ་ཐོག བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང༌། བཀའ་ཁྲི། སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་གཙོས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་ཞབས་ལས་བྱེད། དྷ་ས་ཁུལ་གྱི་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་གི་དགེ་འདུན་དང་བཙུན་མ། དྷ་ས་ས་གནས་མི་མང་བཅས་ཁྱོན་མི་གྲངས་༥༠༠ལྷག་ཙམ་ཞིག་འདུ་འཛོམས་བྱས་འདུག

སྐབས་དེར་བཀའ་ཁྲི་མཆོག་གིས་བོད་བསྟན་སྲིད་དང་མི་རིགས་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་དང༌། དེ་དག་གི་ཕ་མ་སྤུན་མཆེད་སོགས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་གིན་ཡོད་ལུགས་ཀྱི་བཤད་གནང་དོན།

སྐྱབས་གནས་དགེ་འདུན་གྱི་སྡེ་རྣམ་པ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། ཚང་མས་མཁྱེན་གསལ་རེད། བོད་ནང་རྒྱ་ནག་གཞུང་གིས་འཁྲེག་བཟུང་གི་སྲིད་བྱུས་འོག་བོད་མི་རྣམས་ལ་མནར་གཅོད་དང་། བོད་མི་རྣམས་ཀྱང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཉེ་ཆར་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དེ་རིང་འདིར་གདུང་སེམས་མཉམ་སྐྱེ་ཆེད་འཛོམས་པ་རེད།

ང་ཚོས་ཤེས་རྟོགས་བྱུང་བར་བདུན་ཕྲག་གཉིས་ནང་སླར་ཡང་རང་མེར་སྲེག་གཏོང་མཁན་ བྱུང་བ་ནས་ཚུལ་ཁྲིམས། རང་ལོ་ ༢༠། བསྟན་ཉི། རང་ལོ་ ༢༠། སྤྲུལ་སྐུ་བསོད་ནམས་དབང་རྒྱལ། རང་ལོ་ ༤༠། བློ་བཟང་འཇམ་དབྱངས། རང་ལོ་ ༢༠། བཅས་བྱུང་འདུག བློ་ཕམ་པ་ཞིག་ལ་ཁོང་རྣམ་པ་འདས་གྲོངས་སུ་གྱུར་འདུག དེ་བཞིན་ང་ཚོས་ཤེས་རྟོགས་བྱུང་བར། ད་བར་བོད་སྤྱི་ཡོངས་ནང་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་དང། ལྷག་པར་མགོ་ལོག་དར་ལག་དང༌། རྔ་པ། རྒྱལ་རོང། བྲག་འགོ གསེར་རྟ་བཅས་ལ་བོད་མི་མང་པོ་ཞིག་གིས་ཞི་བའི་ངོ་རྒོལ་བྱེད་སྐབས། བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཚེས་ ༢༣ ཉིན་རྔ་པ་རྨེའུ་རུ་མ་དང་ཀིརྟི་དགོན་པའི་མདུན་དུ་ཞི་བའི་ངོ་རྒོལ་བྱས་ཏེ་བོད་ མི་མང་པོ་ཞིག་འཛིན་བཟུང་བྱས་འདུག ཁམས་བྲག་འགོ་ནང་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས་རང་ལོ་ ༤༠ སོན་པའི་ནོར་པ་ཡོན་ཏན་དང། ལོ་རྒྱ་ཚང་གི་བུ་གཉིས་རྒྱ་ནག་གིས་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བཀྲོངས་བ་དང་། བོད་མི་སུམ་ཅུ་ལྷག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་ཕོག་པའི་གནས་ཚུལ་འདུག ཁ་སང་གསེར་རྟ་རྫོང་དུ་བོད་མི་མང་པོ་ཞིག་འཛོམས་ཏེ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་སྐབས་སླར་ཡང་རྒྱ་ནག་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་པོ་པོ་རང་ལོ་ ༣༥ སོན་པ་དང༌། ཟླ་བ་གྲགས་པ་རང་ལོ ༣༣ སོན་པ་གཉིས་འདས་གྲོངས་སུ་གྱུར་འདུག

དེ་བཞིན་བོད་མི་ ༤༠ ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད། འདི་དག་ཚང་མ་ཛ་དྲག་དང་ཡིད་སྐྱོའི་གནས་ཚུལ་རེད། གོང་དུ་ཞུས་པའི་བོད་མི་རྣམས་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེ་ཞུ་སླད་འདིར་འཛོམས་པ་ཞིག་རེད། དེར་བརྟེན་མཆོད་འབུལ་སྨོན་ལམ་ཡག་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་གཞུང་མང་གཉིས་ཀྱི་ཐོག་ནས་བོད་མི་སྤྱི་ཡོངས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ། འཛམ་གླིང་སྤྱི་ཡོངས་ལ་ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱི་སྤྱི་ཡོངས་ཐོག་བོད་དང་བོད་མིའི་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེའི་སྐོར་བཀའ་ཤག་གི་ངོས་ནས་རྗེས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

རེས་གཟའ་མིག་དམར་ཉིན་གྱི་གསལ་འགོད་གསལ་བསྒྲགས་ཤིག་ཐོག ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཝེ་ཁུ་ཊོར་རི་ཡ་ནཱ་ལན་ཌི་མཆོག(Victoria Nuland)་གིས་རྒྱ་གཞུང་གི་བཙན་གནོན་འོག་ཁམས་བྲག་མགོ་རྫོང་དང་གསེར་རྟ་རྫོང༌། རྔ་བ་རྫོང་སོགས་སུ་བོད་མི་རྐྱེན་འདས་སུ་གྱུར་བའི་དོན་རྐྱེན་རིམ་པར་བྱུང་བར་བློ་འཚབ་ཆེན་པོ་གནང་གི་ཡོད་ལུགས་དང༌། རྒྱ་ནག་གཞུང་གིས་རྒྱལ་མང་སྤྱི་ཡོངས་ལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་མ་ཟད།  བསྐྱར་དུ་རྒྱ་གཞུང་གིས་རྒྱལ་ཕྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ་ཡུལ་དངོས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པར་ངོས་ལེན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་དུ། རྒྱ་ནག་ནི་འཛམ་གླིང་ཐོག་གི་སྲིད་དབང་སྒེར་གཅོད་བྱེད་མཁན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། སྲིད་དབང་གཅིག་བསྡུས་ཀྱི་དབང་བསྒྱུར་འོག་རྒྱལ་སྤྱིའི་གསར་འགོད་པ་ནི་བདེ་འཇགས་ལས་ཁུངས་ཀྱི་དམིགས་འབེན་གཙོ་བོ་ཞིག་ཏུ་གྱུར་ནས་གསར་འགྱུར་རང་དབང་གི་གནས་བབ་མུ་མཐུད་ནས་ཛ་དྲག་ཅན་འགྱུར་བཞིན་ཡོད་ཅིང༌། རྒྱལ་ཁབ་ཀྱི་བརྟན་འཇགས་སོགས་ལ་ཁ་གཡར་ནས་བོད་ཁུལ་གྱི་གནས་ཚུལ་ཕལ་ཆེ་བར་གསར་འགོད་པ་བཀག་སྡོམ་བྱས་རྐྱེན། བོད་ནང་ཁུལ་དུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཞིབ་ཕྲ་ཁག་ཤེས་རྟོགས་ཡོང་ཐབས་བྲལ་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།