རྒྱལ་སྤྱིའི་ནང་བསྟན་རྗེས་འཇུག་པ་ཡོངས་ནས་ཕུལ་བའི་གཟེངས་རྟགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

1111ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༤ཉིན། ཟླ་འདིའི་ཕྱི་ཚེས་༡༠ཉིན། གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་བསྐྱར་ནན་གྱིས་མངའ་གསོལ་རྟེན་འབྱུང་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ཕུལ་བའི་གཟེངས་རྟགས་དེའི་མཚོན་དོན་ནི།

ས་གཞི་ནོར་གཞོང་ནི་ཡངས་པའི་འཛམ་གླིང་རྒྱ་ཁྱོན་ཆེ་བ་དང་། དེའི་ནང་ནོར་བུའི་ཕྲ་སྣ་ཚོགས་ཀྱིས་བཀང་བ་ནི་ཆོས་ནོར་གྱིས་གང་བ་མཚོན། དེའི་སྟེང་མཚོ་དང་གངས་རིས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁ་བ་གངས་ལྗོངས་དང་། དེའི་འདབས་ཆགས་ཧི་མ་ལ་ཡའི་རི་བརྒྱུད་མཚོན། ཚེ་བུམ་གྱིས་ནི་འཇིག་རྟེན་ཞི་བདེའི་མིག་གཅིག་མགོན་པོ་ཐུགས་རྗེའི་གཏེར་ཆེན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རྒྱལ་བ་ཚེ་དཔག་མེད་ཀྱི་ངོ་བོར་བརྟན་པར་བཞུགས་པར་གསོལ་བ་མཚོན། དེའི་སྟེང་གི་པདྨས་ནི་པདྨ་འདམ་ལས་སྐྱེས་ཀྱང་དེ་སྐྱོན་གྱིས་མ་གོས་པ་བཞིན་དུ་བདག་སོགས་རྣམས་འཁོར་བའི་ཉེས་སྐྱོན་མཐའ་དག་སྤངས་ཏེ་སངས་རྒྱས་ཀྱི་སར་མྱུར་ཏུ་སོན་པ་མཚོན། ཡང་ན་པདྨ་དང་ནོར་བུས་ནི་མགོན་པོ་གང་ལ་བརྟེན་ནས་བདག་སོགས་རྣམས་ཀྱི་དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བ་མཚོན་ཡོད་པ་རེད།

མཚོན་དོན་དམིགས་བསལ་ཅན་གྱི་གཟེངས་རྟགས་དེ་འབུལ་རྒྱུར་རིས་སུ་མ་མཆིས་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་རྣམ་པས་དེ་དོན་ཞལ་བཞེས་ཀྱིས་བཀའ་འཕྲིན་བཟང་པོ་བསྩལ་དོན།

༄༅།། ད་ལམ་གནས་མཆོག་རྡོ་རྗེ་གདན་དུ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྐལ་བཟང་གི་སྒོ་འཕར་ཡངས་པོར་འབྱེད་པའི་སྐབས་འདིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་སྒོས་བསྟན་འགྲོའི་མགོན་དཔུང་གཅིག་པུར་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བཞུགས་གསོལ་འདེབས་པའི་བརྟན་བཞུགས་ཟབ་རྒྱས་དང་འབྲེལ། འཛམ་གླིང་བོད་བརྒྱུད་ནང་བསྟན་སྤྱི་མགྲིན་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཡེ་ནས་ཡིན་བཞིན་པ་ལྟར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དེང་རབས་ཀྱི་མཛད་སྲོལ་ལྟར་གཟེངས་རྟགས་འབུལ་བཞེས་མཛད་པར་རང་ཅག་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱི་དགའ་དད་སྤྲོ་གསུམ་ཕན་ཚུན་འགྲན་པ་བཞིན་དུ་རྒྱས་བཞིན་པའི་ངང་ནས་རྒྱབ་གཉེར་ཆ་ཚང་ཞུ་བ་དང་འབྲེལ། སྐུ་ཚེ་ཞབས་པད་༧རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཞིང་། རླབས་ཆེན་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྒོ་གསུམ་སྨོན་འདུན་རྩེ་གཅིག་ཏུ་ཞུ་བ་དང་། ཆབས་ཅིག་དུས་དབང་སོ་གཉིས་པའི་གྲ་སྒྲིག་ཚོགས་ཆུང་རྣམས་ལའང་འདི་འདྲའི་འབུལ་གཤོམས་ཟབ་རྒྱས་གནང་བར་རྗེས་སུ་ཡི་རང་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ར་ཛ་སྤུར་ནས་ས་སྐྱ་ཁྲི་འཛིན་པས་༢༠༡༡ཟླ་༡༢ཚེས་༢༠དགེ་བར།།

༄༅།། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་གདུལ་བྱའི་ཁམས་དད་མོས་པ་སྣ་ཚོགས་དང་མཐུན་པར་ཆོས་བསྟན་པ་སོགས་མཛད་པ་སྣ་ཚོགས་བསྟན་པ་ལྟར།དེང་སྐབས་འཛམ་གླིང་ཕལ་ཆེར་དུ་དམངས་གཙོའི་ཁྲིམས་དང་མཐུན་པར། སྤྱི་ལོ་༢༠༡༡ལོར་བོད་མི་མང་ཡོངས་ལ་དམངས་གཙོའི་རང་དབང་དགྱེས་བཞིན་དུ་བསྩལ་བ་དང་ཆབས་གཅིག རྒྱལ་བསྟན་སྤྱི་དང་ལྷག་པར་རྒྱ་གར་ནཱལནྡཱ་ཡི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རྒྱ་བོད་ཧོར་གསུམ་དང་ཧི་མཱ་ལ་ཡའི་རི་བརྒྱུད་དུ་སྤེལ་བ་སླར་ཡང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་མཛད་པ་བླ་ན་མེད་པ་བསྐྱངས་པར་བཀའ་དྲིན་རྗེས་དྲན་ཆེད་དུ་གཟེངས་རྟགས་འདི་ཉིད་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་སོ་གཉིས་པའི་སྦྱིན་བདག་རྣམས་ནས་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་གཏོགས་པའི་ནང་པ་གཙོ་བོར་གྱུར་པའི་ཆོས་ཞུ་བ་རྣམས་ནས་དགའ་གུས་དད་གསུམ་གྱིས་འབུལ་བར། རྗེས་སུ་ཡི་རང་དང་འབྲེལ་རྒྱབ་གཉེར་གྱི་ཚུལ་དུ་དགའ་ཁྲིའི་མིང་འཛིན་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུས་ཕྱི་ལོ་༢༠༡༡ཟླ་༡༢ཚེས་༤བཟང་པོར་ཕུལ།

༄༅།། སྤྱི་ནོར་༧གོང་ས་༧སྐྱབས་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢སྩལ་རྒྱུའི་བཀའ་དྲིན་ཆེ་ཕེབས་བཞིན། ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་ནས་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་དང་། རྒྱལ་བསྟན་ཡོངས་ཀྱི་བདག་པོར་མངའ་གསོལ་བའི་མཛད་སྒོ་གཟབ་རྒྱས་ཚུགས་པའི་ཐོག ཕྲན་རང་ལ་མཐུན་འགྱུར་གྱི་ཡི་གེ་གཏོང་དགོས་ཕེབས་དོན་བཞིན། ༧རྒྱལ་མཆོག་སྐུ་ཕྲེང་ན་རིམ་དང་ཁྱབ་པར་ད་ལྟ་འཚོ་ཞིང་གཞེས་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ཀྱི་ཆོས་སྲིད་གང་ཐད་ནས་བོད་ཁམས་སྐྱེ་དགུ་མཐའ་དག་ལ་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་མཛད་དེ་ལུགས་གཉིས་ཀྱི་མངའ་བདག་ཆེན་པོར་ལྷུན་གྱིས་གྲུབ་པ་ནི་སྨོས་མི་འཚལ་ལ། དེ་ལྟའི་སྐུ་དྲིན་ཟབ་མོ་རང་རེའི་ལུས་ཕྱེ་མར་བརླག་ཀྱང་གཞལ་བར་དཀའ་མོད། ད་ཐེངས་ཀྱི་སྐལ་བ་ཤིན་ཏུ་བཟང་བའི་དུས་འདིར་གུས་འབངས་ཞྭ་ནག་སྤྲུལ་མིང་དང་རང་ཁོངས་སུ་གཏོགས་པའི་ཀཾ་ཚང་པ་ཡོངས་ནས་མགྲིན་དབྱངས་གཅིག་གྱུར་གྱིས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་ཞིང་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། བོད་དོན་བདེན་མཐའ་མྱུར་ཏུ་གསལ་བ་སོགས་ཐུགས་ཀྱི་བཞེད་དགུ་མ་ལུས་འབད་མེད་ལྷུན་གྱིས་གྲུབ་པའི་གདུང་ཤུགས་གསོལ་འདེབས་བཅས། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༡ལ་ཕུལ།

༄༅།། མཁྱེན་རླབས་མཚུངས་ཟླ་མ་མཆིས་པ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཆེན་མོའི་གོ་སྒྲིག་ཚོགས་ཆུང་ཐུན་མོང་མཆོག་ལ།

ཆེད་གསོལ།

རང་ཅག་ཁ་བ་རི་བའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པད་མོ་ཤ་ཚུགས་མི་ཡི་རྣམ་རོལ་ཏུ་བྱོན་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་འཛམ་གླིང་ཕྱི་ནང་ཡུལ་གྲུ་ཐ་དག་གི་མགོན་སྐྱབས་བླ་ན་མེད་པ་ཆེས་ངོ་མཚར་རྨད་དུ་བྱུང་བའི་རླབས་ཆེན་སྐུ་ཡི་གསང་གསུམ་ཕྲིན་ལས་ཀྱི་འཇུག་སྒོ་བསམ་ཡུལ་ལས་འདས་པར་བཀའ་དྲིན་རྗེས་དྲན་མཚོན་སླད་དུ། ད་ལན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ་བཀའ་དྲིན་སྩལ་བསྟུན་དེ་ག་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནས་རིན་ཆེན་དང་གཉིས་ལས་གྲུབ་པའི་གཟེངས་རྟགས་འབུལ་བཞེས་དང་སྦྲགས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་མཛད་རྒྱུར་འདི་ནས་དགའ་དད་སྤྲོ་གསུམ་གྱིས་རྗེས་སུ་ཡི་རང་དང་འབྲེལ། བཅོས་མིན་གྱིོ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ལགས་ན། སླད་མར་ཡང་མགོན་པོ་མཆོག་གི་སྐུའི་གསང་གསུམ་མི་ཤིགས་རྡོ་རྗེའི་ཆོས་བདུན་གྱི་གཤིས་སུ་བརྟན་ཅིང་རླབས་ཆེན་གྱི་མཛད་བཞེས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་རྒྱུན་མར་ཞུ་རྒྱུ་ཞེས། རྒྱལ་བ་འབྲི་གུང་པའི་མཚན་གྱིས་བྱིན་གྱིས་བརླབས་པ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས། རབ་གནས་ལྕགས་ཡོས་སྤྱི་ལོ་༢༠༡༡ཟླ་༡༡ཚེས་༢༡ཉིན་ཕུལ།

༄༅།། གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་སོ་གཉིས་པ་གྲ་སྒྲིག་ལྷན་ཚོགས་ཐུན་མོང་ལ་ཆེད་ཞུ།

ད་ལམ་ཕྱི་ལོ་༢༠༡༡ཟླ་༡༢ཚེས་༣༡ནས་ཕྱི་ལོ་༢༠༡༢ཟླ་༡ཚེས་༡༠བར་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་དབང་ཆེན་ཟབ་མོ་བཀྲིན་བསྩལ་རྒྱའི་སྐལ་བཟང་དང་བསྟུན་ནས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་རྗེས་འཇུག་ཐུན་མོང་ནས་༧གོང་ས་མཆོག་ཡོངས་རྫོགས་བསྟན་པའི་བདག་པོར་མངའ་གསོལ་གྱི་རྟེན་འབྲེལ་སྒོ་བརྒྱ་འབྱེད་སླད་དང་། ལྷག་པར་དུ་༧གོང་ས་མཆོག་ནས་སྐུ་ཚེ་དགུང་ལོ་༡༡༣ལྷག་འཚོ་གཞེས་ཀྱི་བཀའ་བཟང་ཐོབ་པའི་བཀྲིན་རྗེས་དྲན་གྱི་མཛད་སྒོ་ཟབ་མོ་འདིར།ངོས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཙོས་པས་འཛམ་གླིང་ཡོངས་ཀྱི་དཔལ་འབྲུག་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཀྱང་བདག་ཅག་གི་བླ་མ་ཡིད་བཞིན་ནོར་བུ་༧གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་བསྟན་ཡོངས་ཀྱི་བདག་པོར་མངའ་གསོལ་བ་འདི་ལ་དགའ་དད་གུས་པའི་མོས་མཐུན་ཡི་རང་གིས་ལག་གཉིས་སྤྱི་བོར་ཟུམ་བཞིན་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་གསོལ་ཞུ་བ་དང་བཅས་ཞུ་ཆུང་འདི་བཞིན་ཕྲན་དཔལ་འབྲུག་པ་བཅིུས་པ་སྟེ་མགོན་པོ་གང་གི་ཞབས་འབངས་བ་དེས་ཕུལ།།

༄༅།། གནས་མཆོག་རྡོ་རྗེ་གདན་དཔལ་ལྡན་དུས་ཀྱི་འཁོར་ལོའི་བཀའ་ཆོས་གོ་སྒྲིག་ཚོགས་ཆུང་ལ།

དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་སོ་གཉིས་པའི་སྐལ་བཟང་གི་གོ་སྐབས་དང་སྟབས་བསྟུན། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཐུན་མོང་ནས་༧གོང་ས་སྐྱབས་མགོན་ཆེན་པོར་སྤྱི་འཛམ་གླིང་ཞི་བདེའི་དེད་དཔོན་དང་། སྒོས་སུ་སྟོན་མཆོག་ཐུབ་པའི་དབང་པོའི་བསྟན་པ་དེ་འཛིན་ཀུན་གྱི་དབུ་ཁྲིད་ཉག་གཅིག་ཏུ་གྱུར་པ་སླར་མངའ་གསོལ་བའི་རྟེན་འབྲེལ་གྱི་མཛད་སྒོར་ངོས་གཅར་མ་ཐུབ་རུང་གུས་སྤྲོ་དཔག་མེད་བརྟས་ཏེ། ཇི་ལྟར་ལྷ་མི་ཀུན་གྱི་མགྲིན་གཅིག་ཏུ་གསོལ་བ་བཏབ་དང་འདེབས་བཞིན་པ་དེ་ལྟར་མགོན་པོ་གང་ཉིད་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་པའི་བཀའ་བཟང་སྤྱི་སྩོལ་བྱུང་བ་བཞིན། སྐུ་ཚེ་མི་ཞིག་མི་འགྱུར་མི་ནུབ་པར་རྡོ་རྗེའི་ཆོས་སུ་རྟག་པར་བརྟན་པའི་སྨོན་འདུན་ཤུགས་དྲག་གིས་བརྒྱན་ཏེ་སྟག་ལུང་མ་སྤྲུལ་པས་ཟླ་༡༡ཚེས་༢༢དགེ་བར་ཕུལ།

༄༅།། མཚུངས་མེད་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པའི་གྲ་སྒྲིག་ལྷན་ཚོགས་ཀྱི་འགན་འཛིན་མཆོག་གིས་དབུས་འབྲེལ་ཡོད་ལས་སྣེ་ཡོངས་ཀྱི་སྙན་དྲུང་དུ།

ཁྱེད་ཅག་ནས་སྤྱི་ལོ་༢༠༡༡ཟླ་༡༡ཚེས་༣འཁོད་ཀྱི་ཕྲག་བྲིས་ཤིག་གནང་སོན་ལྟར། ༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ནས་བོད་བསྟན་སྲིད་ཀྱི་ཕུགས་རྒྱང་རིང་པོའི་གནད་དོན་ལ་རླབས་ཆེན་ཐུགས་བཞེད་ཀྱིས་འདི་ལོ་ལོ་རྒྱུས་ཀྱི་བདག་དབང་ལྡན་པའི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་ཞུས་པའི་འགན་ཡོད་མི་སྣར་གསོལ་སྩལ་གནང་ཞིང་། གང་ཉིད་ནས་འཇིག་རྟེན་སྤྱིའི་ཕན་བདེར་དམིགས་པའི་སྐུ་ཚེའི་ཐུགས་དམ་གྱི་ཉམས་ལེན་གསུམ་ལས། དང་པོ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་དར་སྤེལ་གནང་རྒྱུ་དང་། གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པ་རྩལ་བཏོན་གྱིས་བསྐྱང་རྒྱུའི་ཐུགས་བསྐྱེད་གཡར་དམ་བདག་གིར་བཞེས་པའི་སྐུ་དྲིན་རྗེས་དྲན་དང་། སྔོན་གྱི་༧རྒྱལ་མཆོག་གོང་མ་གང་གི་ཡང་མཛད་པའི་སྤྱོད་ཡུལ་དུ་མ་གྱུར་པ་དཔལ་དུས་ཀྱི་འཁོར་ལོའིི་དབང་ཆེན་ཐེངས་སོ་གཉིས་གནང་སྐྱོང་གི་རླབས་ཆེན་མཛད་སྤྱོད་ལ་ཡི་རང་རྗེས་དྲན་ཞུ་རྒྱུ་སོགས། མདོར་ན་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་ཀྱི་གཟུགས་སུ་གྲུབ་པ་ལས་སྤྲོས་པ་ལྟ་བུའི་༧གང་གི་རྨད་བྱུང་འཕྲིན་ལས་ཀྱི་མཛད་པར་དྲིན་དྲན་ཡི་རང་ཞུ་ཆེད། ཁྱེད་ཅག་གྲ་སྒྲིག་ཚོགས་ཆུང་ནས་རིན་ཆེན་དང་གཉིས་ལས་གྲུབ་པའི་གཟེངས་བསྟོད་ཀྱི་མཆོད་པ་ཞིག་གནས་དུས་དགེ་བའི་ཉིན་བསྟར་འབུལ་ཞུ་གཏན་འཁེལ་བར་བཅོས་མིན་ཡིད་སྤྲོ་དང་། ངོས་རང་ཡང་ངོ་མཚར་སྐལ་བཟང་གི་དུས་སྐབས་ལ་མཉམ་སྤྱོད་ཀྱི་སྐལ་བ་མྱོང་ཕྱིར་དུས་ཐོག་གཅར་བློ་ངེས་གཏན་བཅས། སྟག་ལུང་ཞབས་དྲུང་གི་མིང་འཛིན་པ་བསྟན་འཛིན་འགྱུར་མེད་ཆོས་ཀྱི་དབང་ཕྱུག་གིས་བོད་རྒྱལ་ལོ་༢༠༡༡ཟླ་༡༠ཚེས་དང་། སྤྱི་ལོ་༢༠༡༡ཟླ་༡༡ཚེས་ཉིན་ཕུལ།།

༄༅།། ༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་བཀའ་དྲིན་ཆེ་བ་དང་འབྲེལ། དུས་དབང་གོ་སྒྲིག་ཚོགས་ཆུང་ནས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་གངས་ཅན་པའི་བསྟན་སྲིད་ཀྱི་དོན་དུ་མཛད་འགན་བཞེས་གནང་མཛད་པ་སྤྱི་དང་། བྱེ་བྲག་སྐབས་སུ་བབ་པའི་དུས་བདང་ཐེངས་༣༢པ་བསྩལ་གནང་མཛད་པའི་བཀའ་དྲིན་རྗེས་དྲན་དང་། མགོན་པོ་གང་ཉིད་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་གྱི་རྟེན་འབྲེལ་སྒོ་བརྒྱ་འབྱེད་སླད་དང་། ༧ཞབས་པད་བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ་ཕྱིར་རིན་ཆེན་དང་གཉིས་ལས་གྲུབ་པའི་གཟེངས་བསྟོད་ཀྱི་རྟགས་མ་ཞིག་འབུལ་འཆར་འདུག་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། དད་དམ་བསླུ་བ་མེད་པའི་ངང་ཉིད་ལས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་ངོ་བོར་བརྟན་ཞིང་། ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། རིས་མེད་བསྟན་འགྲོའི་དཔལ་ཡོན་ནུབ་མེད་མཁའ་མཐར་རྒྱས་པའི་སྨོན་འདུན་དང་བཅས། སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༥ཉིན།

༄༅།། རང་རེས་ཁ་བ་རིས་པའི་བསོད་ནམས་ཀྱིས་དཔལ་ལས་མེ་ཏོག་གང་ལ་ཕོག་པའི་ལྷ་དང་བླ་མར་སྐལ་བར་བྱོན་པ། ༧ལྷར་བཅས་སྲིད་ཞིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཡོངས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་གནང་དང་གནང་བཞིན་པ་ལ། སླད་ཀྱང་ད་རེས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་སོ་གཉིས་པ་དང་འབྲེལ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་གཡུང་དྲུང་བོན་དང་བཅས་པས་དུས་སྐབས་བཟང་པོ་བཟུང་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༧རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དབུ་ཁྲིད་བླ་ན་མ་མཆིས་པ་བདག་གིས་བཞེས་པར་གསོལ་འདེབས་ཕུལ་བ་ལ་སྔ་འགྱུར་ཆོས་སྡེ་ཆེན་པོ་དྲུག་གི་ཡ་གྱལ་དཔལ་རྒྱལ་བ་ཞེ་ཆེན་པའི་དགོན་མ་ལག་དང་བཅས་པས་དད་གུས་སྤྲོ་གསུམ་ཞུ་རྒྱུ་དང་། ༧མགོན་པོ་མཆོག་ཉིད་ཀྱང་བསྟན་པ་སྤྱི་དང་བྱེ་བྲག་ཁ་བ་རིས་པའི་གདུལ་བྱ་ལ་གཟིགས་ནས་སྐུ་ཚེ་གཡོ་མེད་དུ་བརྟན་ཅིང་བཞེད་འདོད་ལྷུན་གྲུབ་ཏུ་ཡོང་བའི་གསོལ་འདེབས་དང་བཅས། བོད་རྒྱལ་ལོ་༢༡༣༨བོད་ཟླ་༡༠ཚེས་༢༢དགེ་བའི་ཉིན་མོར་ཞེ་ཆེན་རབ་འབྱམས་སྤྲུལ་མིང་འཛིན་པ་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེ་གུས་ཕུལ།

༄༅།། རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་བཀའ་དྲིན་བསྩལ་རྒྱུའི་སྐལ་བཟང་གི་གོ་སྐབས་འདིར་ཆོས་ཞུ་བ་འདུ་འཛོམས་ཆེན་པོ་ཡོང་རྒྱུ་བསྟུན་ནས།དུས་དབང་ཐེངས་༣༢པའི་གྲ་སྒྲིག་ཚོགས་ཆུང་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་རིས་མེད་བླ་ཆེན་ཁག་དང་འདུས་ཚོགས་གདན་ཞུས་ཀྱིས་སྨོན་ལམ་ཆེན་མོ་འཚོགས་རྒྱུ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ།

དེང་གི་སྤྱི་སྲོལ་ལྟར་བཀའ་དྲིན་རྗེས་དྲན་ཆེད་རིན་ཆེན་དང་གཉིས་ལས་གྲུབ་པའི་གཟེངས་བསྟོད་རྟགས་མ་ཞིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་བ་དང་འབྲེལ། ༧གོང་ས་མཆོག་ནས་དགུང་གྲངས་༡༡༣ལྷག་བཞུགས་རྒྱུའི་ཞལ་བཞེས་བཀའ་དྲིན་བླ་མེད་ཐོབ་པ་དང་། དེ་བཞིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བཅུ་ཕྲ་ག་གསུམ་ལྷག་བཀའ་དྲིན་བསྩལ་བའི་རྗེས་དྲན། ཨེ་ཤ་ཡའི་ཁུལ་གྱི་ནང་པ་དང་། ཨ་རི་དང་ཡུ་རོབ་ཁུལ་སོགས་ཀྱི་འཛམ་གླིང་ནང་པའི་ཁོངས་བཅས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཀུར་བ་སོགས་བསྟན་འགྲོར་སྨན་པའི་བྱ་བ་འདི་དག་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོིག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྣམས་བཙན་བྱོལ་བོད་མིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་བསྩལ་གནང་རྗེས། ད་ལྟའི་སྐབས་འདིར་སྔོན་ནས་ཐུགས་ཁུར་བསྐྱེད་བཞེས་ལྟར་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་གནང་རྒྱུ་དང་། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་ཐུགས་བསྐྱེད་རྣམ་གསུམ་མངོན་འགྱུར་ཡོང་བར་སྤྱི་སྒེར་ཚང་མས་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་བསྒྲུབ་རྒྱུ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། རང་གཞན་བསོད་ནམས་གསོག་པའི་ཐབས་ཚུལ་ལེགས་ཤོས་དེ་ཡིན་ངེས་པས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་གནང་སྒོ་རྣམས་དེ་དག་གི་ཞབས་འདེགས་སུ་འགྱུར་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགའ་གུས་སྤྲོ་གསུམ་ངང་གཞིས་བྱེས་རྒྱ་ཆེའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བསྔགས་བརྗོད་ཞུ་བ་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡ལ་ཕུལ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༤༢༠༡༢༡༨༡༨
དབྱངས་ཅན་རོལ་པའི་འོ་མཚོ།
བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་ཞབས་པད་སྐལ་བརྒྱ་བརྟན་པའི་སྨོན་འདུན་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།