ྋགོང་ས་མཆོག་གིས་སློབ་གཉེར་ཁང་ཁག་གསུམ་ལ་ཆིབས་བསྒྱུར་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥པའི་ཚེས༡༦ཉིན་སྤེལ། ཕྱི་ཚེས༡༦ཉིན་གྱི་ཞོགས་པའི་ཆུ་ཚོད༨སྟེང༌། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འདབས་ཀྱི་ནོར་བུ་གླིང་ཁ་རུ་བཙུན་དགོན་ཐོས་བསམ་གླིང་འཛུགས་བསྐྲུན་ལེགས་གྲུབ་ཀྱི་སྒོ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་ཅིང༌། དེ་དང་ཆབས་ཅིག་དེ་གའི་སྙིང་སྟོབས་གླིང་དབུ་བརྙེས་ནས་ལོ༡༠འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་ལག་ཤེས་སྡེ་ཚན་ཁག་ལ་གཟིགས་སྐོར་གནང་ཡོད་པ་མ་ཟད། ཆུ་ཚོད་༡༠ཡས་མས་སུ་བཙུན་དགོན་འཇམ་དབྱངས་ཆོས་གླིང་རིགས་ལམ་སློབ་གཉེར་ཁང་གསར་བཞེངས་ལེགས་གྲུབ་ཡོང་བའི་སྒོ་འབྱེད་དགའ་སྟོན་དུ་ཞབས་སོར་འཁོད་ཡོད་པ་རེད།

བཙུན་དགོན་ཐོས་བསམ་གླིང་དུ་སློབ་གཉེར་གནང་བཞིན་པའི་ཕྱི་རྒྱལ་བཙུན་མ་སྐོར་ཞིག་ལ་ྋགོང་ས་མཆོག་གིས་ཆོས་འབྲེལ་གནང་སྐབས་དབྱིན་ཇིའི་སྐད་ནང་གསུང་དོན། ནང་བ་སངས་རྒྱས་པའི་རྗེས་འཇུག་པ་ཚོར་ཕྱི་དངོས་པའི་དཔལ་ཡོན་གཙིགས་མི་ཆེ་བར། བསླབ་པ་སློབ་གཉེར་དང་ལག་ལེན་མཐའ་འཁྱོལ་ཡོང་རྒྱུ་དེ་ཧ་ཅང་གལ་ཆེ་ཞེས་དང། དེ་རྗེས་སྙིང་སྟོབས་གླིང་དུ་དབང་བོ་སྐྱོན་ཅན་སློབ་ཕྲུག་དང་དགེ་ལས་རྣམས་ལ་སློབ་མའི་སློབ་སྦྱོང་དང་སྨན་བཅོས་ཡར་རྒྱས་ཚགས་ཚུད་གཏོང་རྒྱུ། དེ་མིན་གཟུགས་པོའི་ཡན་ལག་ཁག་སྐྱོན་ཅན་ཡིན་པའི་སློབ་མ་རྣམས་ལ་རྩ་ཆེ་བའི་མིའི་ཀླད་པ་དང་མི་ཡིན་པ་གཅིག་པ་ཡིན་ཕྱིེར། བློ་ཞིམ་དགོས་དོན་གཏན་ནས་མེད་ཅིང༌། བྱམས་བརྩེ་ལྡན་པའི་སྒོ་ནས་སྣ་མང་ལག་རྩལ་སློབ་སྦྱོངས་བྱེད་རྒྱུ་གལ་ཆེ། གཞན་ཡང་དེ་གའི་དགེ་ལས་རྣམས་ཀྱིས་སྐྱབས་མེད་དགོན་མེད་ཀྱི་དབང་བོ་སྐྱོན་ཅན་རྣམས་ལ་ལྟ་སྐྱོང་བྱེད་བཞིན་པ་ནི་ཆོས་ཕྱོགས་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་ཡིན་ལུགས་ཀྱི་བཀའ་སློབ་ལམ་སྟོན་གནང༌།

འཇམ་དབྱངས་ཆོས་གླིང་རིགས་ལམ་སློབ་གཉེར་ཁང་གསར་བཞེངས་ལེགས་འགྲུབ་ཡོང་བའི་སྒོ་འབྱེད་དགའ་སྟོན་དུ་ྋགོང་ས་མཆོག་གིས་གཙོས་པའི་བཙོན་བྱོལ་བོད་གཞུང་འབྲེལ་མི་སྣ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་རྒྱ་གར་ས་གནས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རོགས་ཚོགས་མི་སྣ་སོགས་དང་བཅས་པའི་སེར་སྐྱ་མི་མང་བརྒྱ་ཕྲག་འགའ་ཕེབས་ཡོད་འདུག
མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་གསུང་དོན། དེ་རིང་ཁ་སང་གི་དུས་ཚོད་འདིར། འཛམ་པོའི་གླིང་སྤྱི་ཡོངས་ལ་བལྟས་བ་ཡིན་ན། སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་མར་འགྲེལ་བཤད་རྒྱག་དུས། ཡ་མཚན་དང་ངོ་མཚར་སྐྱེས་སའི་གཞིར་རུ་གྱུར་ཏེ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་ང་ཚོའི་ཕ་མེས་ཀྱི་དུས་སྤྱི་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན། ནང་སྒོས་དཔལ་ཎ་ལན་ཌའི་ཆོས་བརྒྱུད་འཛིན་མཁན་གྱི་སངས་རྒྱས་ཀྱི་ཆོས་བྱེད་མཁན་གྱི་ཡུལ་གཅིག་དེ་རྒྱ་ནག་ཡིན་པ་རེད། དཀའ་ངལ་ཆེན་པོ་ཞིག་འཕྲད་ཟིན་པ་རེད། དེ་རིང་ཁ་སང་ཕྲན་བུ་ཞིག་འགྱུར་བ་ཕྱིན་ཏེ་ཆོས་ལ་དོ་སྣང་ཤུགས་ཆེ་རུ་སོང་ཡོད། དེ་བཞིན་དུ་ཆོས་ལ་སློབ་གཉེར་དང་ཉམས་ལེན་གྱི་གོ་སྐབས་ཡག་རུ་འགྲོ་ཡོད་པ་རེད། ལྷག་པར་དུ་མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱི་རྗེས་འབྲངས་ངོ་མ་ཅིག་དེ་བོད་པ་ཡིན་པ་རེད། དེ་ནས་སོག་པོ་ཡིན་པ་རེད། སོག་པོ་བར་སྐབས་ཤིག་ལ་ཉམས་ཆགས་ཆེན་པོ་ཞིག་ཕྱིན་ཚར་པ་རེད། བོད་ད་ལྟ་ཉམས་ཆགས་འགྲོ་བཞིན་པའི་སྒང་རེད། གང་ལྟར་དཔལ་ཎ་ལེན་ཌའི་མཁས་པའི་གཙུག་རྒྱན་གྱི་གྲས་མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་ཕྱག་སྲོལ་གཏོད་བཞག་པའི་བོད་གངས་ཅན་ལྗོངས་ཀྱི་སངས་ཀྱི་བསྟན་པ་ཐེག་པ་ཆེན་པོ་སྔགས་དང་བཅས་པ་ཆ་ཚང་རང་གི་ལུང་པའི་ཉམས་ཆགས་ཞེ་དྲག་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་སོག་ཡུལ་དུ་རང་དབང་ཐོབ་རྗེས་གཞི་ནས་བསྟན་པའི་མེ་རོ་གསོ་ཐབས་བྱེད་བཞིན་ཡོད་བ་རེད། དེ་འདྲ་ཞིག་གི་གནས་སྟངས་འོག་ལ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁུལ་ལ་རང་དབང་དང་ལྡན་ཡོད་པ་རེད། ང་ཚོ་བོད་པ་དང་ཆོས་ཚུལ་གཅིག་པ་ཆགས་བསྡད་ཡོད་པ་རེད། ཧི་མ་ཡ་ལ་ཡའི་རི་རྒྱུད་ཀྱི་་ས་ཁུལ་ཡོངས་ལ་སངས་རྒྱས་པའི་ཆོས་བོད་ནས་ཚུར་དར་ཡོད་པ་དེ་འདྲ་ཞིག་ཡིན་པ་རེད། དེ་སྔ་ན་ཡིན་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མིའི་ནང་ནས་རྣམ་དཔྱོད་ལྡན་མཁན་ཚོ་ཕར་བོད་དུ་ཕྱིན་ཏེ། དབུས་གཙང་དང་ཁམས་ཁུལ་ནས་སློབ་པ་སློབ་གཉེར་བྱས་ཏེ་རྒྱ་གར་ནང་ཡིན་གིན་ཡོད། ང་བཅུ་ལྔ་དགུའི་རྗེས་ལ་བོད་དུ་ཕར་འགྲོ་ས་ཞིག་དང་སློབ་གཉེར་རྒྱག་ས་ཞིག་མེད་པ་ཡིན་ཙང༌། རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཆགས་པའི་ནང་ཆོས་རྒྱུད་ཡོངས་སུ་རྫོགས་པའི་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཚུགས་པ་རེད། དེའི་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཙམ་མ་ཟད། སོག་པོ་ཕྱི་ནང་ནས་སློབ་གཉེར་བྱེད་དུ་ཡོང་མཁན། དེ་བཞིན་དུ་ཨི་རི་སིའི་ཁོངས་ཀྱི་སོག་རིགས་བརྒྱ་ཕྲག་འགའ་ཤས་ཤིག་ཡོང་སྟེ་སློབ་སྦྱོངས་བྱ་དང་བྱེད་བཞིན་པ་རེད། ཧི་མ་ལ་ཡའི་ར་རྒྱུད་ནས་ཧ་ལམ་སྟོང་ཕྲག་འགའ་ཞིག་སློབ་གཉེར་བྱེད་དུ་ཡོང་བསྡད་ཡོད་པ་རེད།
་སྔ་བོད་དུ་བཙུན་མའི་དགོན་པ་ཡོད་པ་རེད་ལ། ང་ཚོ་རྒྱ་གར་ནང་དུའང་བཙུན་མའི་དགོན་པ་གལ་ཆེན་ཞིག་ཏུ་བརྩིས་ཏེ་བཙུན་དགོན་གང་མང་ཞིག་བཙུགས་ཡོད་པ་རེད། ང་ཚོ་བཙོན་བྱོལ་བ་ཆགས་ཏེ་བསྟན་པའི་བྱ་བ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་རྣམས་གྲངས་གཅིག་དེ་གང་ཆགས་པ་རེད་ཅེས་ན། བཙུན་མའི་དགོན་པ་ཚོས་དཔེ་ཆ་དང་གཞུང་ཆེན་བལྟ་དགོས་ཀྱིན་འདུག་ཟེར་ནས། ཐོག་མར་ངྷ་རམ་ས་ལའི་དགའ་ལྡན་ཆོས་གླིང་མཚན་ཉིད་སློབ་སྦྱོང་བྱེད་ས་ཞིག་བཙུགས་པ་རེད་ཅེས་བཀའ་སློབ་བླ་མེད་བསྩལ།

གཞན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་བ་ཚོས་རང་ཉིད་ཀྱི་ཕ་མེས་ཀྱི་རིང་ནས་དར་ཡོང་བའི་སངས་རྒྱས་ཀྱི་བསྟན་པ་ཡར་རྒྱས་སུ་གཏོང་རྒྱུ་དེ་སྤྱི་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྙིང་སྟོབས་དང་ཧུར་བརྩོན་བྱེད་དགོས་ལུགས། དེ་མིན་སངས་རྒྱས་ཀྱི་བསྟན་པ་སློབ་གཉེར་གང་འཚམ་གནང་རྗེས། ཕྱིར་ཕ་ཡུལ་དུ་ལོག་སྟེ་སྔར་ཡོད་པའི་བཙན་དགོན་དག་སྤུས་དག་དང་ཡར་རྒྱས་གཏོང་རྒྱུའི་ཁུར་ལེན་ཡག་པོ་གནང་དགོས་ཞེས་བཀའ་གསུང་ཕེབས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།