བོད་རྒྱ་སློབ་མའི་དབར་འཁྲུག་རྩོད་ཤོར་བར་སེམས་འཚབ་ཆེན་པོ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢༠ཉིན། ཉེ་ཆར་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲན་ཏུང་གྲོང་ཁྱེར་ནང་བརྟེན་གཞི་བྱས་ཡོད་པའི་༼ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་༽བོད་རྒྱ་མི་རིགས་གཉིས་ཀྱི་སློབ་ཕྲུག་དབར་འཁྲུག་རྩོད་ཤོར་བའི་གནས་ཚུལ་དེའི་ཐད། ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་བློ་འཚབ་ཆེན་པོ་ཡོད་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་སོང༌།

དེ་རིང་ཕྱི་དྲོ་ཆུ་ཚོད་༢དང་ཕྱེད་ཀ་ཐོག བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ནང༌། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༤རེས་གཟའ་ལྷག་པའི་དགོང་མོ་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲན་ཏུང་དུ་བརྟེན་གཞི་བྱས་ཡོད་པའི་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང༌། བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་བའི་གནས་ཚུལ་ལྷག་པར་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་གི་སེམས་འཚབ་དང་བློ་ཕམ་ཆེན་པོ་བྱུང༌།

སྐབས་དེར་རྒྱ་རིགས་སློབ་མ་གྲངས་ ༣༠༠༠ ཙམ་གྱིས་བོད་རིགས་སློབ་མ་བརྒྱ་ཕྲག་འགའ་ཤས་ས་རྒོལ་འཛིང་བྱས་རྐྱེན་བོད་རིགས་སློབ་མ་འགའ་ཤས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་ལུས་པའི་གནས་ཚུལ་ཐོན་འདུག སྟབས་མ་ལེགས་པ་ཞིག་ལ་ཐེངས་འདིའི་ཁྲན་ཏུང་གི་ས་ཁུལ་ནང་བོད་རྒྱ་མི་རིགས་གཉིས་ཀྱི་སློབ་མའི་དབར་འཁོན་རྩོད་ཀྱི་དཀའ་ངལ་བྱུང་བ་དེ་ཐོག་མ་ཆགས་མེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན་གནས་ཚུལ་དེ་མཚུངས་ཞིག་ཕྱི་ལོ་༢༠༡༠ ནང་ཐེངས་གཉིས་ཙམ་བཟོ་སྐྲུན་མཐོ་སློབ་གཞན་ཞིག་གི་ནང་དུའང་བྱུང་ཡོད།

སི་ཁྲོན་ཞིང་ཆེན་གྱི་ཙི་ཀུང་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་གློག་ལས་བཟོ་སྐྲུན་གྱི་སློབ་གྲྭ་ཞིག་གི་ནང་འཁྲུག་འཛིང་འོག་བོད་པའི་སློབ་མ་པ་སངས་ཞེས་པ་ཞིག་ལ་རྒྱ་མིས་གྲི་བརྒྱབ་རྐྱེན་འདས་གྲོངས་སུ་གྱུར་ཡོད། ང་ཚོས་བོད་པའི་སློབ་མ་ཚོར། སློབ་སྦྱོང་ལ་དོ་སྣང་མུ་མཐུད་གནང་ཐོག་སློབ་མ་གཞན་ཚོ་དང་ལྷན་འཆམ་མཐུན་གྱི་འབྲེལ་ལམ་རྒྱུན་སྲིང་ཐོག་བོད་པའི་སྲོལ་རྒྱུན་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་དེར་དམ་འཛིན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང༌། ང་ཚོ་བོད་པ་ཚོས་ཤེས་ཡོན་གྱི་གནམ་འཕང་གཅད་དེ་རང་ཉིད་བོད་པ་ཡིན་བསམ་པའི་སྤོབས་པ་བྱེད་རྒྱུ་ལས་དཔའ་ངར་རོམས་རྒྱུ་མེད།

ང་ཚོས་རྒྱ་ནག་གི་གྲོང་ཁྱེར་ ༡༢ ཙམ་གྱི་ནང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་བོད་རིགས་སློབ་མ་ཚོའི་བདེ་འཇགས་ལ་འགན་ཁུར་གནང་རོགས་ཞེས་རྒྱ་ནག་གཞུང་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཁས་ལེན་བྱས་པ་ལྟར། བོད་རྒྱ་མི་རིགས་ཕན་ཚུན་འཁོན་རྩོད་མེད་པ་བཟོ་ཆེད་རྒྱ་ནག་གཞུང་གིས་ཐབས་ཤེས་གང་ཡོང་འདོན་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་མིའི་འཐབ་རྩོད་དེ་རྒྱ་ནག་དང་རྒྱ་མི་རིགས་ལ་ངོ་རྒོལ་བྱ་རྒྱུ་མིན་པར། ཞི་བའི་ལམ་ནས་བོད་ནང་རང་དབང་བསྐྱར་གསོ་ཡོང་ཆེད་ཡིན་པ་འདིར་ནན་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འདི་ཚོ་གུང་ཁྲན་གཞུང་གིས་ཇུས་ངན་ཞིག་ཡིན་སྲིད་པས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་པས་གཟབ་གཟབ་བྱེད་དགོས། ༸གོང་ས་མཆོག་ནས་ག་དུས་ཡིན་ཡང་རྒྱ་མི་རིགས་དང་མཉམ་དུ་འབྲེལ་བ་ཡག་པོ་བྱེད་དགོས་གསུངས་པ་རྣམས་སེམས་ལ་བཞག་ནས་འཁྲུག་འཛིང་རྩ་བ་ནས་བྱེད་མི་རུང་བཟོད་སྒོམ་བྱེད་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།