བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་དབུ་འབྱེད་གནང་བ།


ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༤ཉིན། དེ་རིང་ཕྱི་ཚེས་༡༤ཉིན་གྱི་ཞོགས་པར་ཕྱི་དྲིལ་ལས་ཁུངས་ལྷག་པ་ཚེ་རིང་ཚོགས་ཁང་དུ་བཀའ་ཁྲི་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་རྣམ་པ་གསར་བཟོ་བྱས་པ་དབུ་འབྱེད་དང་བོད་མི་ཡ་ས་༦ཡོད་པས་ཟླ་རེར་ལྟ་ཀློག་མཁན་ཡང་ས་ཡ་༦རེ་བྱུང་བར་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་སོང༌།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་རྒྱབ་ལྗོངས་སོགས་ཀྱི་ཐད་ལ་ཕྱི་དྲིལ་ལས་ཁུངས་གློག་ཀླད་སྡེ་ཚན་གྱི་འགན་འཛིན་རྣམ་རྒྱལ་ལེགས་བཤད་ལགས་ཀྱིས་འགྲེལ་བརྗོད་གནང་དོན། དྲ་རྒྱ་འདི་ཐོག་མར་ཕྱི་ལོ་༢༠༠༡ཟླ་༥པའི་ཚེས་༥ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་ནས་ད་ལྟའི་བར་ལོ་༡༡ཙམ་འགྲོ་བཞིན་ཡོད་པ་དང༌། ཆ་སྙོམས་ཟླ་རེར་ལྟ་ཀློག་བྱེད་མཁན་རྒྱལ་ཁབ་༡༤༥ཙམ་ནས་མི་གྲངས་འབུམ་༣༥ཡས་མས་ཡོད་ལ། ལྟ་མཁན་མང་ཤོས་ཀྱི་རྒྱལ་ཁབ་༢༥་ནི་ཨ་རི་དང་རྒྱ་གར། རྒྱ་ནག ཁེ་ན་ཌ། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་སོགས་ཡིན་ལ།  རྒྱ་ནག་ལྟ་མཁན་མང་ཤོས་ཀྱི་རྒྱལ་ཁབ་༢༥ནང་དུ་ཚུད་ཡོད་ལུགས་སོགས་གསུངས་ཡོད་པ་རེད།

དེ་རྗེས་བཀའ་ཁྲི་མཆོག་གིས་དྲ་རྒྱ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་དོན། དྲ་རྒྱའི་ཐོག་སྐུ་ལས་བསྐྱོན་མཁན་གཙོ་བོ་ལེགས་བཤད་དང་མཁས་གྲུབ། རིག་འཛིན་སོགས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་རྒྱུ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་ཕྱོགས་གང་ཐད་ནས་ཕྲན་བུ་ཡར་རྒྱས་བཏང་ཡོད་བསམ་པ་འདྲ་བོ་འདུག ཊུ་ཊིར་(twitter)དང་ངོ་དེབ་(facebook)སོགས་སྤྱི་ཚོགས་ཐོག་ཁྱབ་ཆེ་བའི་བརྒྱུད་ལམ་དེ་ཚོ་གསར་སྣོན་བྱས་ཡོད་པ་དང༌། རྣམ་པ་མཛེས་པོ་ཙམ་མ་ཡིན་པར་ལྟ་ཀློག་བྱེད་སྐབས་སྟབས་བོ་ཡོད་པ་རེད། ཟླ་རེར་ལྟ་ཀློག་མཁན་ས་ཡ་༣དང་འབུམ་༥རེ་བྱུང་གི་ཡོད་འདུག ད་ལྟ་ཡར་རྒྱས་བཏང་ཡོད་པས་མ་འོངས་པར་མང་ཙམ་བྱུང་ན་ཟླ་བ་རེར་ས་ཡ་༦ཙམ་བྱུང་བ་ཡིན་ན། བོད་མི་ས་ཡ་༦ཡོད་པས་ལྟ་མཁན་ཡང་ས་ཡ་༦བྱུང་བར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ནའང༌། ད་དུང་་བོད་ཡིག་དང་རྒྱ་ཡིག་དྲ་རྒྱ་གཉིས་ཡར་རྒྱས་གཏོང་དགོས་ས་མང་པོ་ཡོད་པ་རེད་བསམ་གྱི་འདུག་ཅེས་དང༌།

དེ་རིང་དྲ་རྒྱ་དབུ་འབྱེད་བྱས་པ་དེ་ཆབ་སྲིད་སོགས་གང་ཅིའི་ཐད་ནས་ཧ་ཅང་གལ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། ང་ཚོས་འཛམ་གླིང་མི་འབོར་མང་པོ་ཞིག་སྙོབ་དགོས་དུས་དྲ་རྒྱ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། གོང་དུ་ལེགས་བཤད་ལགས་ཀྱིས་གསུངས་པ་ནང་བཞིན་རྒྱལ་ཁབ་༡༤༥ནང་ནས་དྲ་རྒྱ་འདི་ཀློག་གིན་ཡོད་པ་མ་ཟད། ཀློག་མཁན་མང་ཤོས་ཀྱི་རྒྱལ་ཁབ་༢༥ནང་དུ་རྒྱ་ནག་ཀྱང་ཚུད་ཀྱི་ཡོད་དུས། བོད་ནང་གི་བོད་མི་མང་པོ་ཞིག་གིས་ལྟ་ཀློག་བྱེད་ཀྱི་ཡོད་པ་ཕལ་ཆེར་ར་འཕྲོད་ཡོང་གི་ཡོད། དེ་འདྲ་ཡིན་དུས། དྲ་རྒྱ་ཡག་པོ་ཞེ་དྲག་བཟོས་གནང་འདུག སྐུ་ལས་ཞེ་དྲག་བསྐྱོན་གནང་འདུག་པས་རྣམ་པ་ཚོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་གསུངས་འདུག

དེ་ནས་བཀའ་དྲུང་ཡིག་ཚང་གི་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དྲ་རྒྱ་གསར་བཟོ་བྱས་པའི་དམིགས་ཡུལ་བརྗོད་དོན། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་དྲ་རྒྱ་འདི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཡིན་དུས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་༧དང་རང་དབང་ཅན་གྱི་སྒྲིག་འཛུགས་༣དང༌། བོད་མི་མང་སྤྱི་འཐུས་ལྷན་ཁང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ཀྱི་གནས་ཚུལ་གང་མང་མང་ཞིག་མི་མང་ལ་གོ་རྟོགས་སྤེལ་བའི་ཆེད་དུ་ནང་འཇུག་བྱས་ཡོད་ལུགས་སོགས་བརྗོད་ཡོད་པ་རེད།

ད་ལྟ་དྲ་རྒྱའི་ཐོག་ངོ་དེབ། ཟིན་བྲིས། ཊུའུ་ཊིར། ཡོའུ་ཊོབ། པར་མཛོད་བཅས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཁག་ཅིག་གསར་སྣོན་བྱས་འདུག  དང་པོ་ཟིན་བྲིས་ཀྱི་ནང་དུ་རྒྱལ་ཕྱི་ནས་བོད་དོན་སྐོར་བྲིས་པའི་བསམ་ཚུལ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་བྱེད་ཚོའི་བསམ་ཚུལ་བསྡུ་ལེན་བྱས་པ་སོགས་བཅུག་ཡོད་པ་དང༌། གཉིས་པ་ངོ་དེབ་(kalon tripa tibet)ནང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་དང་དབུ་ཁྲིད་ཚོ་ཕྱོགས་མཐའ་ཁག་ཏུ་ཕེབས་པའི་གནས་ཚུལ་བཀོད་ཡོད་པ་དང༌། གསུམ་པ་པར་མཛོད་ཀྱི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་སྐོར་ཀྱི་པར་དང༌།  བཞི་པ་ཊུའུ་ཊིར(Dr.Lobsang sangay)ནང་དུ་བཀའ་ཁྲི་མཆོག་གི་ག་རེ་གནང་གི་ཡོད་པ་དང་ག་རེ་གསུང་གི་ཡོད་པ་སོགས་བཀོད་ཡོད་པ་དང༌། ལྔ་པ་ཡོའུ་ཊོབ་ཀྱི་ནང་བོད་དང་འབྲེལ་བའི་གློག་བརྙན་རིགས་ཕྱོགས་སྒྲིག་བྱས་ཡོད་འདུག གཞན་ཡང༌། དེང་སང་ལྷན་ཁང་ཁག་སོ་སོ་ནས་དུས་དེབ་རིགས་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་པས་དེ་ཚོ་བདག་ཉར་བྱེད་ཆེད་(PDF)སོགས་བཟོས་ནས་ཆ་ཚང་ཞིག་དྲ་ཐོག་ཏུ་གཏོང་འཆར་བཅས་ཡོད་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་བོད་དབྱིན་གསུམ་གྱི་ཐོག་ནས་སྒེར་གཉེར་དྲ་རྒྱ་མང་དག་ཅིག་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་དང་འབྱུང་བཞིན་ཡོད་པ་དཔེར་ན།  བློ་བཟང་སྲིད་ཐར་ལགས་ཀྱིས་བཟོས་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་དྲ་བ་དང༌། གཞན་ཡང་༧གོང་ས་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ཡི་འཁོར་མོ་༢༢དང་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ༦༣པར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་དབྱིན་ཡིག་དྲ་རྒྱ་བོད་དོན་ལྟ་ཞིབ་(Outlook Tibet) ཞེས་པ་དབུ་འབྱེད་གནང་ཡོད་པ་མ་ཟད། ད་ལོའི་ལོ་མགོ་ཙམ་དུ་རྒྱ་ཡིག་རྐྱང་བའི་ཐོག་ཡོད་པའི་པོ་ཏཱ་ལའི་ཕོ་ཉ་ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ། www.https://www.facebook.com/kalontripa
བོད་མིའི་སྒྲིག་འཛུགས་ཀྱི་ཊུའུ་ཊིར། https://twitter.com/drlobsangsangay.
བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་དྲ་རྒྱ། (www.associationoftibetanjournalist.org)
བོད་དོན་ལྟ་ཞིབ http://twitter.com/outlooktibet
www.outlooktibet.com
པོ་ཏཱ་ལའི་ཕོ་ཉ། www.potalapost.com
བོད་དོན་གླེང་མོལ། https://www.facebook.com/groups/tibettalks/

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།



གཤམ་གྱི་གདམ་བྱང་ཁག་ལ་བསྣུན་ནས་སྤེལ་རོགས།
Reddit! Del.icio.us! Mixx! Free and Open Source Software News Google! Live! Facebook! StumbleUpon! TwitThis Joomla Free PHP

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།