བཙན་བྱོལ་གྱི་མི་ཚེ། བོད་མིའི་རེ་སྒུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༢ཉིན། རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་མེ་གྷན་ཁྲོམ་གཞུང་ལྟེ་བ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་འགྲོ་སའི་ལམ་བར་དུ་ཁྱོན་གྱོན་ཆས་སོགས་ཀྱི་ཚོང་ཁང་ཁག་༧ཙམ་ཡོད་པ་དང་། ལམ་གྱི་གཡས་གཡོན་དུ་ཚོང་ཁྲོམ་སྟོན་མཁན་ནི་གྲངས་ལས་འདས། ལམ་གྱི་ཟུར་ཞིག་ཏུ་ཁྱེད་ཀྱིས་རྒྱ་ཆུང་ཞིང་ཁམས་གཙང་བའི་འཚིག་ཇ་ཁང་ Coffee Talk ༼ཀོ་ཕིས་གླེང་མོལ་༽ཟེར་བ་ཞིག་མཐོང་ཐུབ།

འཚིག་ཇ་ཁང་དེ་ནི་དམིགས་བསལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱི་ཆེད་དུ་རེད་འདུག་ལ་ཇ་ཁང་དེའི་ཕྱི་ལོགས་སུ་སྡོད་ས་ཡོད་པས་མ་ཚད། དེ་ནས་ཇ་འཐུང་ཞོར་དུ་ཧི་མ་ལའི་རྡོ་ལ་དྷར་རི་བརྒྱུད་དང་། ཀང་རཱའི་ལུང་གཞོང་གི་མཛེས་ལྗོངས་ཁག་ལེགས་པར་མཐོང་ཐུབ་ཀྱི་འདུག དེང་དུས་རོབ་གཞས་དང་། གྱང་ངོས་སུ་དམར་སེར་གྱི་མཚོན་མདོག ད་དུང་གསལ་ཞིང་འོད་དུ་འཚེར་བའི་གློག་སྒྲོན་ཅན་གྱི་ཇ་ཁང་དེའི་ནང་ལོ་ན་༢༨ཡིན་པའི་ཞབས་ཞུ་བ་པདྨ་རྒྱལ་མཚན་དང་གླེང་མོལ་བྱས་པ་ཡིན།

ཐོག་མར་པདྨ་རྒྱལ་མཚན་གྱིས་མགྲོན་པོ་རྣམས་འཛུམ་གྱིས་བསུ་ཞོར་ཟས་ཐོ་མགྲོན་པོའི་ལག་ཏུ་བཞག་འོང་། ཁོང་ནི་ཞོགས་པ་སྔ་མོ་ནས་ཇ་ཁང་ནང་ཡོང་ནས་ལས་ཀ་བྱེད་དགོས་ཀྱི་འདུག་ལ། ཁོང་ནི་བོད་མི་སྐྱབས་བཅོལ་བ་གཞན་རྣམས་དང་གཅིག་མཚུངས་སུ་བོད་ནས་དུས་ཡུན་རིང་པོ་འགྲུལ་བཞུད་ཀྱིས་བོད་མི་སྐྱབས་བཅོལ་བའི་བསྟི་གནས་དྷ་རམ་ས་ལར་གནས་སྡོད་བྱེད་མཁན་ཞིག་རེད།

ཁོ་ནི་བོད་ནང་དུ་གྲྭ་བ་ཞིག་ཡིན་ཞིང་མི་ཚེའི་འཚོ་བ་ལེགས་པོ་ཞིག་སྐྱེལ་ཐུབ་ཆེད་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་ཞིག་རེད་འདུག ཁོང་ཉིད་བོད་ནས་དུས་ཡུན་ཉིན་༡༩རིང་གོམ་པ་བརྒྱབ་མཐར་གཞིང་ནས་བལ་ཡུལ་དུ་ཡོད་པའི་བོད་གཞུང་སྣེ་ལེན་ཁང་དུ་འབྱོར་བ་དང་། དེ་ནས་རྒྱ་གར་དུ་བསྐྱོད་ཆོག་པའི་ཐོ་འགོད་བྱས། ཐོག་མར་ཁོང་ཉིད་རྒྱལ་གར་ལྷོ་ཕྱོགས་བྷན་ལོར་རུ་ལས་ཀ་བྱས་ཀྱང་། དེ་རུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་མེད་སྟབས། དཀའ་ངལ་མི་ཉུང་བ་ཞིག་འཕྲད་འདུག

ཁོང་གིས་གསུངས་དོན། ང་རང་རྒྱ་གར་དུ་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་༧གོང་ས་མཆོག་མཇལ་རྒྱུ་དང་། རང་ཉིད་ཀྱི་རང་དབང་བཅས་ཀྱི་ཆེད་དུ་ཡིན་ཟེར། ཡང་ཁོང་གིས་ང་རང་བོད་ནས་ཕྱི་ལོ་༢༠༠༧ལོར་ཡོང་བ་ཡིན་སྐབས་དེར་དུས་ཚོད་ཡག་པོ་ཞིག་ལ་ཁེལ་འདུག མ་གཏོགས་ཕྱི་ལོ་༢༠༠༨ལོར་བོད་མི་མང་པོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྟབས་ལམ་ཁར་དམ་དྲག་ཆེན་པོ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཁོང་ཉིད་དུས་ཡུན་ཟླ་བ་༣ཙམ་རིང་བྷན་ལོར་རུ་ལས་ཀ་བྱས་རྗེས་ཕྱིར་དྷ་རམ་ས་ར་ཡོང་རྒྱུ་སེམས་ཐག་བཅད། དེ་ནས་བཟུང་ཁོང་ཉིད་འཚིག་ཇ་ཁང་དེའི་ནང་ཉི་མ་ཕྱེད་ཀ་ཙམ་གྱི་རིང་ལས་ཀ་བྱེད་པ་དང་། ཞོར་དུ་དབྱིན་ཡིག་སློབ་སྦྱོང་དང་བོད་ཡིག་སྙན་ངག་སོགས་ཀློག་གིན་ཡོད་ཟེར། ཁོང་གིས་འདི་རུ་བོད་མིའི་རིག་གཞུང་མཐོང་ཐུབ་པས་མ་ཚད། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་དང་འབྲེལ་འདྲིས་ཡོང་གི་འདུག་པས་ཧ་ཅང་སྐྱིད་པོ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་མ་འོངས་པའི་ཆབ་སྲིད་ཐད། ༧གོང་ས་མཆོག་ལ་ཡིད་ཆེས་ཆེན་པོ་གནང་གིན་འདུག་ལ། ཡང་ཁོང་གིས་མ་འོངས་པར་བོད་དེ་གང་འདྲ་ཞིག་ཆགས་མིན་ཤེས་ཀྱི་མི་འདུག འོན་ཀྱང་གལ་སྲིད་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་བཞེས་དང་། ཞི་མོལ་ལམ་ལྷོང་བྱུང་ཚེ་ངོས་ཀྱིས་བསམ་པར་མ་འོངས་པར་སྐྱིད་པོ་ཞིག་ཡོང་གི་རེད་བསམས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་ལ་ཁོང་ཉིད་སྒེར་གྱི་དམིགས་ཡུལ་ནི་བོད་མི་གཞན་དག་དང་གཅིག་མཚུངས་སུ་མ་འོངས་ལུང་པ་ཡག་པོ་ཞིག་ལ་སྡོད་རྒྱུ་དེ་རེད་འདུག

ལོ་ན་༢༨ཡིན་པའི་པདྨ་རྡོ་རྗེ་ཡང་འཚིག་ཇ་ཁང་དེའི་ནང་ལས་ཀ་བྱེད་ཀྱིན་འདུག་ལ་ཁོང་ནི་དགུན་ཁ་ཕྱི་དྲོ་ཆུ་ཚོད་༢པ་ནས་༧པ་བར་དང་། དཔྱིད་ཀ་ཆུ་ཚོད་༡༠ཙམ་བར་ལས་ཀ་བྱེད་དགོས་ཀྱི་ཡོད་འདུག ཁོང་གི་ཧ་ཅང་སྒྲ་དག་པའི་དབྱིན་སྐད་ཀྱི་ལམ་ནས་མགྲོན་པོར་འཚམས་འདྲི་དང་། ཁོང་ནི་ཕྱི་ལོ་༢༠༠༥ལོར་རྒྱ་གར་དུ་ཡོང་བ་ཞིག་རེད་འདུག སྤྱིར་པདྨ་རྡོ་རྗེ་ནི་རྒྱ་གར་དུ་ཡོང་བའི་དམིགས་ཡུལ་ནི་པདྨ་རྒྱལ་མཚན་ལས་ཐ་དད་ཡིན་རུང་། བོད་ནང་གི་ཛ་དྲ་གི་ཆབ་སྲིད་ཀྱི་གནས་སྟངས་དེའི་འོག དཀའ་སྡུག་གི་འགག་འཕྲང་བརྒྱུད་ནས་ཡོང་བ་ནི་གཅིག་མཚུངས་རེད་འདུག

ཁོང་གིས་བོད་ནང་དུ་དུས་ཡུན་ལོ་ངོ་༡༢ཙམ་རིང་སློབ་སྦྱོང་བྱས་འདུག་ལ། དེ་རྗེས་འཛམ་གླིང་དང་མི་རིགས་གཞན་གྱི་འཚོ་བར་རྒྱུས་ལོན་ཆེད་ཁོང་ཉིད་རྒྱ་གར་དུ་ཡོང་བ་ཞིག་རེད་འདུག མ་ཚད་མི་ཚེའི་འཚོ་བ་ལེགས་པོ་ཞིག་སྐྱེལ་ཆེད་དང་། དབྱིན་ཡིག་དང་སྐད་ཡིག་གཞན་ཁག་སློབ་སྦྱོང་བཅས་ཀྱི་ཆེད་དུའང་རེད་འདུག

ཁོང་ཉིད་རྒྱ་གར་དུ་འབྱོར་སྐབས་ཐོིག་མར་ཤེས་རབས་དགའ་ཚལ་སློབ་གླིང་དུ་དུས་ཡུན་ལོ་ངོ་༣ཙམ་རིང་དབྱིན་ཡིག་བཅས་ལ་སློབ་སྦྱོང་བྱས་འདུག་ལ་དེ་རྗེས་དྷ་ས་མེ་ལོ་གྷན་ཇི་ཡོང་ནས་འཚིག་ཇ་ཁང་དེའི་ནང་ལས་ཀ་བྱེད་བཞིན་དུ་ལས་ཞོར་ཇར་མན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་འདུག

བོད་ནང་དུ་ཁོང་གི་ཆེས་དགའ་ཤོས་ཀྱི་སློབ་ཚན་ནི་ཨང་རྩིས་རེད་འདུག་ལ། གལ་སྲིད་ཁོང་ལ་སླར་ཡང་སློབ་སྦྱོང་གི་གོ་སྐབས་རེག་ཚེ་ཨང་རྩིས་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་འདོད་པ་ཡོད་ཟེར། པདྨ་རྡོ་རྗེ་ལགས་ནི་འབྲོག་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་ཞིང་། ཁོང་ལ་སྤུན་མཆེད་གཉིས་ཡོད་འདུག་ཅིང་ད་ལྟ་ཁོང་གི་ཕ་མ་གཉིས་དང་ལྷན་དུ་བསྡད་ཡོད་ཟེར།

ཐོག་མར་རྒྱ་གར་དུ་འབྱོར་སྐབས་དུས་ཡུན་ཟླ་བ་༦ཙམ་རིང་དཀའ་ངལ་མི་ཉུང་བ་འཕྲད་འདུག་ལ། ཁོང་གིས་ད་དུང་ཡང་ཕ་མ་དང་ནང་མི་དྲན་གྱི་འདུག་ཟེར། ཉིན་ཞིག་ཁོང་ཉིད་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པའི་རེ་བ་བཅངས་འདུག དེར་བརྟེན་ཉེ་ཆར་ཁོང་གི་ཕྱིར་ཕ་ཡུལ་དུ་ལོག་རྒྱུའི་ཆོག་མཆན་ཞིག་ཞུས་འདུག་ཀྱང་ད་དུང་ཡང་བཅར་འདྲི་སོགས་བརྡ་ལན་གང་ཡང་འབྱོར་མ་བྱུང་ཟེར།

ཐོག་མར་དྷ་ས་མེ་ལོ་གྷན་ཇི་རུ་སླེབས་སྐབས་དཔེར་ན་བོད་མི་དབར་སྐད་རིགས་མི་འདྲ་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱང་། ད་ཆ་འདི་རུ་སྐྱིད་པོ་འདུག་ཟེར། ཁོང་གི་བསམ་ཚུལ་ཡང་པདྨ་རྒྱལ་མཚན་ལྟར། དབུ་མའི་ལམ་ལ་མོས་མཐུན་དང་། བོད་མིར་རང་བཙན་གཙང་མ་ཞིག་འཐོབ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་ལུགས་སོགས་འགྲེལ་བརྗོད་གནང་གིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༢༢༠༡༡༡༦༡༨
དབྱངས་ཅན་རོལ་པའི་འོ་མཚོ།
སངས་རྒྱས་ལགས་བསམ་ཚུལ་འདིའི་རིགས་ཀྱི་དབར་ན་དུས་བབ་ཚང་ནང་བཞིན་དཔར་རིགས་ཁག་ཅིག་ཀྱང་སྒྲིག་འགོད་གནང་ན་ཧ་ཅང་ཡག་པོ་འདུག་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།