༧གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཆིབས་བསྒྱུར་བསྐྱངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༠ཉིན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་ཝེ་ཁ་ལ་ཝེ་ཧ་ཝལ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༧མགོན་པོ་གང་ཉིད་ཅེག་རྒྱལ་ས་པེ་ར་གྷོ་ནང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༡ཉིན། སྔར་ལོའི་ཟླ་༡༢པའི་ཚེས་༡༠ཉིན། རྒྱ་རིགས་མང་གཙོ་དོན་གཉེར་བ་ལོའུ་ཞའོ་པའོ་ལགས་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྐབས་རྒྱ་གཞུང་གིས་བཙོན་གྲོལ་མ་བྱས་པར་བརྟེན། གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོར་ཁོང་གི་རྐུབ་སྟེགས་སྟོང་བར་ལུས་ནས་ལོ་ཧྲིལ་པོ་༡འཁོར་བར་རྗེས་དྲན་གྱི་ཚུལ་དུ། ཅེག་རྒྱལ་སར་རྟེན་གཞི་བྱས་པའི་ཆར་ལེ་སུ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་རྒྱ་ནག་དང་ཨེ་ཤ་ཡའི་རྒྱལ་ཁབ་གཞན་གྱི་ཞི་བདེ་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བགྲོ་གླེང་ཚོགས་ཆེན་ཞིག་ཚོགས་རྒྱུ་ཡིན་པས། ༧མགོན་པོ་གང་ཉིད་ཚོགས་མགོན་དུ་ཕེབས་ནས་གསུང་བཤད་སྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཅག་ཁའི་སྲིད་འཛིན་ཟུར་པ་ཝ་ཁ་ལེ་ཧ་ཝལ་མཆོག་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཟུར་པ་བྷར་ནར་ཌི་ཁོ་ཆི་ནུར་སོགས་མི་སྣ་གལ་ཆེན་མང་པོ་ཚོགས་ཐོག་ཏུ་འདུ་འཛོམས་གནང་རྒྱུ་ཡིན་འདུག

དེ་ཡང་ཚོགས་འདུ་གོ་སྒྲིག་གནང་མཁན་༢༠༠༠གླེང་སྟེགས་ཐེབས་རྩ་ཁང་གིས་བརྗོད་རྒྱུར། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་ལོངས་སྤྱོད་ཅིག་ཡིན་ལ། རྒྱ་ནག་དང་འབར་མ་སོགས་ཡ་གླིང་གི་རྒྱལ་ཁབ་དེ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༼འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ༽གྱི་ཆིངས་ཡིག་ལ་མོས་མཐུན་གྱི་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཡིན་པས། ཆིངས་ཡིག་གི་འབྲུ་དོན་ལ་བརྩི་སྲུང་བྱེད་དགོས་ཞེས་དང་།

དོན་དངོས་ཐོག རྒྱ་ནག་གི་རྩོམ་པ་པོ་ཕུན་ཁྲུན་ཁྲང་ནི་༼འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་༽གྱི་ལས་འཆར་འགོད་མཁན་གཙོ་བོའི་གྲས་ཤིག་ཡིན་ལ། བསྒྲགས་གཏམ་གྱི་བརྗོད་གཞི་ཕལ་ཆེར་བ་ཤར་ཕྱོགས་པའི་རེ་འདོད་ལས་བྱུང་བ་ཞིག་རེད། འོན་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཛ་དྲག་རེད། ཕྱི་ལོ་༢༠༡༠ལོར་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་གཟེངས་རྟགས་བཞེས་མཁན་གྱི་རྐུབ་སྟེགས་སྟོང་བར་ལུས་བ་དེས་ད་ལྟའང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡིན་པ་ར་སྤྲོད་བྱས་པ་རེད་ཅེས་གསུངས་འདུག

ཉིན་དེའི་ཕྱི་དྲོར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བསྟི་གནས་སུ་ཆིབས་བསྒྱུར་བསྐྱངས་སྟེ་༼ རྙོག་འཛིང་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས༽ཞེས་པའི་བརྗོད་གཞིའི་ཐོག་མི་མང་ཁྲི་སྟོང་མང་པོར་བཀའ་སློབ་ལམ་སྟོན་གནང་རྒྱུ་ཡིན་ལ། http://www.forum2000.cz/en/web-tv/ཁ་བྱང་འདི་བརྒྱུད་ནས་གསུང་བཤད་ཐད་གཏོང་བྱ་རྒྱུ་ཡིན་འདུག

ཕྱི་ལོ་༡༩༩༠ལོར་ཅེག་ནང་ངང་ཁུལ་གསར་བརྗེ་བྱུང་བའི་རྗེས་སུ། སྐབས་དེའི་སྲིད་འཛིན་ཧ་ཝལ་ལགས་ཀྱིས་ཆེས་ཐོག་མར་༧མགོན་པོ་གང་ཉིད་རྒྱལ་ཁབ་དེའི་ནང་གདན་འདྲེན་ཞུས་ཡོད་པ་དང་། ཅེག་དམར་པོའི་ལམ་ལུགས་ཀྱི་སྲིད་དབང་མཇུག་སྒྲིལ་རྗེས་སྐུ་ཞབས་ཧ་ཝལ་མཆོག་ནི་རྒྱལ་ཁབ་དེའི་སྲིད་འཛིན་ཐོག་མ་དེ་ཡིན་ལ། ཁོང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཐེངས་འདིར་༧མགོན་པོ་གང་ཉིད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་ཆིབས་བསྒྱུར་བསྐྱངས་པ་དེ་ཐེངས་དགུ་པ་ཆགས་ཡོད་འདུག

ཕྱི་ཚེས་ ༡༢ ཉིན། ༧མགོན་པོ་གང་ཉིད་ཀྱིས་གསར་འགོད་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཆེད་དོན་དྲི་བར་བཀའ་ལན་སྩལ་གནང་མཛད་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།