དགྲ་བཅོམ་པ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ཐོག ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཀིར་གི་སི་ཐན་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཀ་ཛ་ཏི་ཨཀ་མ་ཏོབ་མཆོག་གིས་བརྩམས་པའི་༼དགྲ་བཅོམ་པ༽ཞེས་པའི་དཔེ་དེབ་དབྱིན་བསྒྱུར་གནང་བ་ཞིག་དབུ་འབྱེད་གནང་སོང་།

ཐོག་མར་ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ལགས་ཀྱིས་དཔེ་དེབ་རྩོམ་པ་པོའི་ལོ་རྒྱུས་སོགས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་གྲུབ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བ་དང་སྦྲགས། ཀིར་གི་སི་ཐན་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་མ་འོངས་པར་ཀིར་གི་སི་ཐན་གྱི་སྐུ་ཚབ་གཞན་སུ་ཞིག་འདི་གར་ཕེབས་པ་དང་ཡང་ན་མོ་སི་ཁོར་ཡོད་པའི་སྐུ་ཚབ་དོན་ཁང་དུ་འབྲེལ་བ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

དེ་རྗེས་དཔེ་དེབ་རྩོམ་པ་པོ་ཀ་ཛཏི་ཨག་མ་ཏོབ་མཆོག་གིས་རང་ཉིད་ཆུང་བའི་དུས་ནས་བོད་ཀྱི་སྐོར་གོ་ཐོས་དང་དོ་སྣང་ཆེན་པོ་ཡོད་པ་དང་། སྟབས་ལེགས་ནས་ཕྱི་ལོ་༡༩༦༨ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཐེངས་གཅིག་སླེབས་པའི་གོ་སྐབས་བྱུང་པ་དང་། ཕྱིར་ལོག་རྗེས་བོད་སྐོར་གྱི་དཔེ་དེབ་མང་པོ་འཚོལ་ཞིབ་དང་ཕྱོགས་བསྡུས་བྱས་སྐབས། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གྱི་དེབ་ཅིག་ལག་སོན་བྱུང་བར་བརྟེན།  ཕྲུ་གུ་ཆུང་ཆུང་༼Adilet༽ཞེས་པ་དེ་རྗེ་བཙུན་མི་ལ་རས་པའི་ཡང་སྲིད་ཡིན་པའི་འཆར་ཡན་རང་བཞིན་གྱི་སྒྲུང་དེ་ ནང་པའི་ལྟ་གྲུབ་གཞི་རུ་བཞག་ནས་བརྩམས་ཡོད་པའི་སྐོར་དང་། ཁོང་གི་དཔེ་དེབ་ལ་༧གོང་ས་མཆོག་གིས་ཐུགས་ཧ་ཅང་མཉེས་པོ་གནང་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

དེབ་དེ་ཕྱི་ལོ་༢༠༠༧ལོར་ཐོག་མར་པར་བསྐྲུན་བྱས་པ་དང་། ཨ་ཌི་ལེ་ཏི༼Adilet༽ཞེས་པའི་ཕྲུ་གུ་ཆུང་ཆུང་ཞིག་གིས་རང་ཉིད་རྗེ་བཙུན་མི་ལ་རས་པའི་ཡང་སྲིད་ཡིན་པ་ཤེས་རྟོགས་བྱུང་བ་སོགས་ནང་པའི་གྲྭ་པ་ཞིག་གི་མི་ཚེའི་ལོ་རྒྱུས་དང་སྦྱར་ནས་དེང་སྐབས་སྤྱི་ཚོགས་ནང་བཟང་སྤྱོད་དང་དཔལ་འབྱོར་གྱི་དཀའ་ངལ་དེ་དག་གི་རྒྱུ་རྐྱེན་གཙོ་བོ་ང་རྒྱལ་དང་ཁེངས་དྲེགས་ཡིན་ལ། དེས་མི་སྒེར་ཙམ་མ་ཟད་འགྲོ་བ་མིའི་རིགས་སྤྱི་ལ་གོད་ཆག་དང་དཀའ་ངལ་མང་དུ་བཟོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་འདུག

དཔེ་དེབ་དེ་ཀིར་གི་སི་ཐན་རྒྱལ་ནང་དང་རྒྱལ་སྤྱིའི་ནང་ཧ་ཅང་གྲགས་ཆེན་པོ་ཡིན་པ་མ་ཟད། ད་བར་རྒྱལ་སྤྱིའི་རུ་ཧ་ནི་ཡ་ཏི་བྱ་དགའ་དང་ཨུ་རུ་སུ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་བྱ་དགའ་སོགས་བསྡོམས་པས་བྱ་དགའ་རིགས༨་ཐོབ་ཡོད་པ་དང་།  ད་ལྟའི་ཆར་ཀིར་གི་སི་ཐན་དང་བྷུལ་གེ་རི་ཡ། ཨུ་རུ་སུ་བཅས་སྐད་ཡིག་གསུམ་ནང་ཕབ་བསྒྱུར་བྱས་ཡོད་པ་མ་ཟད། ཧྥར་སི་དང་ཊར་ཀིའི་སྐད་ཡིག་ནང་བསྒྱུར་གྲུབ་ལ་ཉེ་བ་དང་། གཞན་ཡང་འཇར་མན་གྱི་སྐད་ཡིག་ནང་དུའང་བསྒྱུར་བཞིན་ཡོད་འདུག

རྩོམ་པ་པོ་ཀ་ཛཏི་ཨག་མ་ཏོབ་མཆོག་ནི་ཕྱི་ལོ་༡༩༤༡ལོར་འཁྲུངས་པ་དང་། ཁོང་གིས་ཕྱི་ལོ་༡༩༧༨ལོར་དེ་སྔ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དམར་པོས་དབང་འདིན་སྐབས་ཨར་ཐི་ཊ་ཡིམ(Earth Time)ཞེས་པའི་དཔེ་དེབ་གཅིག་བྲིས་ཏེ་སྲིད་གཞུང་གི་བྱ་སྤྱོད་ངན་པར་སྐྱོན་བརྗོད་བྱས་པ་མ་ཟད། ཕྱི་ལོ་༡༩༨༣ལོར་གསར་འཛུགས་ཀྱི་དགོང་མོ(The Night of the Formation)ཞེས་པའི་རྩོམ་ལ་གཞི་བཅོལ་ཏེ་འཁྲབ་གཞུང་ཚན་པ་ཞིག་བརྩམས་པ་མ་ཟད། ཉི་མའི་མཐའ་འཁོར་གྱི་ལོ(Years Around the sun)ལ་སོགས་པའི་ཨུ་རུ་སུ་དང་སོ་ཝི་ཊི་སོགས་ལ་དངོས་སུ་སྐྱོན་བརྗོད་བྱས་པའི་དེབ་མང་དག་ཅིག་བརྩམས་པར་བརྟེན། དམར་ཤོག་ཚོགས་པས་ཁོང་ལ་དམ་དྲག་ཤུགས་ཆེན་བྱས་རྐྱེན་དཀའ་ངལ་ཧ་ཅང་མང་པོ་ཕྲད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།