ཐའེ་ཝན་བོད་ཀྱི་ཆོས་ཚོགས་ཁག་གི་ཚོགས་ཆེན་དང་པོ་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༧ཉིན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་ལྷན་ཚོགས་ཀྱི་བཞུགས་ མོལ་ཚོགས་ཆེན་དང་པོ་བསྐོང་ཚོགས་གནང་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་བཏང་བའི་འཁོད་དོན།
བཞུགས་མོལ་ལྷན་ཚོགས་ཐོག་ཆོས་ལུགས་རིས་མེད་ཀྱི་ཆོས་ཚོགས་ཁག་ནས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས་བཅས་མི་གྲངས་ ༡༦ ལྷན་འཛོམས་ཐོག་ཚོགས་བཅར་བ་ཡོངས་ནས་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་ཞིང་། ཚོགས་ཞུགས་ཡོངས་ཀྱིས་ཁ་གཅིག་གྲགས་ཐོག་ཆོས་བརྒྱུད་ཁག་མཐུན་སྒྲིལ་བྱ་རྒྱུ་གལ་ཆེ་ཡིན་ཞིང་ད་ཆ་སྔོན་མ་དང་མི་འདྲ་བར་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཆོལ་ཁ་ཆོས་ལུགས་དབར་གྱི་མཐུན་ལམ་ཡག་ཏུ་སོང་ཡོད་རུང་མ་འོངས་མུ་མཐུད་ཤུགས་སྣོན་རྒྱག་དགོས་རྒྱུ་དང་། ཐེ་ཝན་ནང་བོད་བརྒྱུད་ནང་ཆོས་སྤེལ་ཕྱོགས་དང་ཐུགས་སྣང་དགོས་པའི་གནད་དོན་སྐོར་ལ་ས་གནས་ཡུལ་མིའི་རིག་གཞུང་དང་བསྟུན་ཏེ་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་དམར་ཟས་དང་། ན་བཟའ་བཞེས་ཕྱོགས། ཀུན་སྤྱོད་སོགས་ལ་ཐུགས་གཟབ་གནང་དགོས་ཐོག གསར་ལམ་ཁག་ཏུ་བོད་ཀྱི་ནང་ཆོས་སྐོར་གནས་ཚུལ་མ་འགྲིག་པ་ཐོན་དུས་གསལ་བཤད་མ་བྱས་ན་ངོས་ལེན་ཡིན་པའི་མཐོང་སྣང་བྱུང་སྲིད་པས་དུས་ཐོག་གསལ་བཤད་བྱེད་རྒྱུ་གལ་ཆེ་དང་།

དེ་བཞིན་ཚོགས་ཞུགས་པས་ས་གནས་ཀྱི་རིག་གཞུང་དང་ཡུལ་མིས་བོད་ཀྱི་ནང་ཆོས་སྐོར་གྱི་དོགས་འདྲིའམ་སྐྱོན་བརྗོད་སྐོར་གསལ་བཤད་འགྲེལ་བརྗོད་བྱེད་སྟངས་སོགས་ལ་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་གནང་བ་དང་། དེ་ནས་འདས་པའི་ལོ་ཤས་ནང་ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་ལ་ཆེད་དུ་དམིགས་ནས་མཚན་སྨད་ལོག་འགྲེལ་དང་། ལོག་འགྲེལ་གྱི་ཡིག་ཆ་ས་ཡ་མང་པོ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དེའི་སྐོར་གླེང་སྐབས། ཚང་མས་དེ་མུར་འཇོག་ཐབས་མེད་པར་གདོང་ལེན་དགོས་ངེས་དང་། གདོང་ལེན་བྱེད་སྟངས་སྐོར་འཆར་ལོ་ཕྱི་ཟླ་གསུམ་པའི་ནང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལོ་འཁོར་ཚོགས་ཆེན་དང་སྟབས་བསྟུན་ཡང་བསྐྱར་ལས་འཆར་ཁག་སྤྱི་མོས་རྒྱ་ཆེ་ཡོང་ཐབས་ཀྱིས། ཕྱི་ཟླ་ ༤ པའི་ནང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་དགོང་འཆར་ཐག་གཅོད་ཡོང་རྒྱུ་དང་། དེ་བཞིན་གནད་དོན་གཞན་མང་པོའི་སྐོར་ལ་བགྲོ་གླེང་བྱུང་ཞིང་། ཚང་མས་ཚོགས་འདུ་འདི་རིགས་མུ་མཐུད་བསྐོང་ཚོགས་དགོས་པའི་བསམ་ཚུལ་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།