༧གོང་ས་མཆོག་རྫོང་དཀར་ཆོས་སྡེ་རུ་ཆིབས་བསྒྱུར་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༦ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་༢དང་ཕྱེད་ཀ་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧོན་སུར་རབ་རྒྱས་གླིང་དུ་ཡོད་པའི་རྫོང་དཀར་ཆོས་སྡེ་རུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པས་མ་ཚད། ལོ་༡དང་༢ཙམ་གྱི་རྗེས་སུ་ཆོས་སྡེ་དེ་རུ་སླར་ཡང་ཆིབས་བསྒྱུར་བསྐྱང་རྒྱུར་ཞལ་བཞེས་གནང་སོང་།

ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་དེའི་དགེ་འདུན་པ་རྣམས་ལ་རྟགས་གསལ་རྩོད་རྒྱུགས་བླངས་བ་དང་། རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་སློབ་གྲྭ་ནས་པར་བསྐྲུན་བྱས་པའི་༼རང་བྱུང་འཕགས་མཆོག་ཇོ་བོ་ཝ་ཏི་བཟང་པོའི་རྣམ་ཐར་༽དང་། ༼གངས་ཕྲུག་གི་ལང་ཚོ་༽ཞེས་པའི་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་སློབ་གྲྭའི་ལོ་འཁོར་དུས་དེབ་འདོན་ཐེངས་གཉིས་པ་བཅས་དབུ་འབྱེད་གནང་སོང་།

སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་དང་གསུང་བཤད་གནང་དོན། ཐོག་མའི་ཆར་དུས་ཚོད་ཏོག་ཙམ་ཡོད་པ་རེད། འོན་ཀྱང་ཡོ་རོབ་ལ་འགྲོ་དགོས་ཐུབ་པ་རེད། གང་ཡིན་ཟེར་ན་ན་ནིང་ལོའི་ནོ་བྷེ་ཞི་བདེའི་གཟེངས་རྟགས་དེ་རྒྱ་རིགས་ལིའུ་ཞའོ་པོ་ལ་སྤྲད་པ་རེད། དེའི་རྗེས་སུ་རྒྱ་ནག་གཞུང་གིས་ཁོང་འཇུས་ནས་ད་ལྟ་བཙོན་ནང་ཡོད་པ་རེད། དེར་བརྟེན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པས་གོ་སྒྲིག་འོག ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་སྤྲད་ནས་ལོ་༡འཁོར་བའི་དུས་དྲན་ལ་ཚོགས་འདུ་ཞིག་བསྡུ་བསྐོངས་གནང་ནས་ང་ཡང་དེར་ཤོག་ལབ་ནས་དེར་འགྲོ་དགོས་ཐུབ་པ་རེད། དེ་གནད་འགག་ཞིག་མཐོང་ནས་ངོས་དེར་འགྲོ་རྒྱུར་གློ་བུར་གཏན་ཁེལ་བ་ཞིག་རེད།

དེ་རིང་འདིར་དུས་ཚོད་དེ་ཙམ་མི་འདུག རྗེས་སུ་ལོ་རྗེས་མའང་དེ་ལས་མི་འགྱང་བར་འདིར་ཡོང་རྒྱུའི་རྩིས་ཡོད། གཙོ་ཆེ་ཤོས་དེ་འདིར་ཡོད་པའི་དགེ་འདུན་འདུས་པ་དེ་ཚོས་འདུ་ཁྲིམས་རྣམ་པ་དག་པའི་ཐོག་ནས་སློབ་གཉེར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་དགེ་འདུན་འདུས་པས་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད།

དེ་རྗེས་རྫོང་དཀར་ཆོས་སྡེའི་སློབ་གྲྭའི་འགན་འཛིན་རྒན་ཐུབ་བསྟན་ངག་དབང་ལགས་སུ་རྫོང་དཀར་ཆོས་སྡེ་དང་ཆོས་སྡེ་དེའི་སློབ་གྲྭའི་སྐོར་བཅར་འདྲི་ཞུས་པས། ཁོང་གིས་འགྲེལ་བརྗོད་གནང་དོན། ད་ལྟའི་ཆར་ང་ཚོའི་གྲྭ་ཚང་ནང་དགེ་འདུན་པ་༢༧༠ཙམ་ཆགས་བསྡད་ཡོད། དེའི་ནང་སློབ་ཕྲུག་གྲངས་༡༩༥ ཙམ་དང་། དགེ་རྒན་༡༠བཅས་ཡོད་པ་རེད། སློབ་གྲྭ་ནང་འཛིན་རིམ་༡༠བར་ཡོད་པ་རེད།

སློབ་ཕྲུག་མང་ཆེ་བ་བལ་ཡུལ་སོགས་ཧི་མ་ལའི་རི་བརྒྱུད་ནས་ཕེབས་པ་ཆགས་བསྡད་ཡོད་པ་རེད། བོད་རང་ནས་ཕེབས་མཁན་ཏོག་ཙམ་དཀོན་པོ་རེད། སློབ་གྲྭའི་ནང་བོད་ཡིག་དང་ཨང་རྩིས་ཙམ་མ་ཚད། འཛིན་རིམ་དྲུག་པ་ནས་ང་ཚོས་ཤེས་རིག་ལས་ཁུངས་བརྒྱུད་འབྲེལ་བ་ཞུས་ནས་རྒྱ་ཡིག་ཀྱང་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཚེས་༧ཉིན་རྫོང་དཀར་ཆོས་སྡེ་རུ་ཕེབས་རྒྱུ་བྱས་ཡོད་ཀྱང་དེ་རིང་གློ་བུར་མཛད་རིམ་འགྱུར་བ་ཕྱིན་པ་ཞིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།