༧གོང་ས་མཆོག་ལ་ཌཱ་ཡཱ་ཝཱ་ཊི་མའོ་ཌིའི་གཟེངས་རྟགས་ཕུལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༥ཉིན། ཟླ་འདིའི་ཕྱི་ཚེས་༢ཉིན། རྒྱ་གར་གྱི་ཌཱ་ཡཱ་ཝཱ་ཊི་མའོ་ཌི་སྒྱུ་རྩལ་དང་ཤེས་ཡོན་ཐེབས་རྩ་ཁང་གིས་འདི་ལོའི་ཌཱ་ཡཱ་ཝཱ་ཊི་མའོ་ཌིའི་གཟེངས་རྟགས་དེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་བཟོད་སྒོམ། སྤྱི་ཚོགས་བདེན་དོན་སོགས་ཀྱི་ཐོག་མཛད་རྗེས་བླ་མེད་བཞག་གནང་བར་ཆེད་བསྟོད་དུ་ ཕུལ་ཡོད་འདུག

 

ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག རྒྱ་གར་གྱི་རྒྱལ་ས་ལྡི་ལིི་རུ་ཡོད་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ཞེས་པའི་ཚོགས་ཁང་དུ་སྒྱུ་རྩལ་དང་ཤེས་ཡོན་ཐེབས་རྩ་ཁང་དེས་༧མགོན་པོ་གང་ཉིད་མཆོག་ལ་འདི་ལོའི་ཌཱ་ཡཱ་ཝཱ་ཊི་མའོ་ཌིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་བསྡུས་ཡོད་པ་དང་། སྐབས་དེར་ཐེབས་རྩ་ཁང་དེའི་འགན་འཛིན་སཱ་ཊི་ཤི་ཀུ་མར་མའོ་ཌི་མཆོག་གིས་༧མགོན་པོ་གང་ཉིད་ཀྱི་བླ་ན་མེད་པའི་མཛད་རྗེས་ལ་ཆེད་བསྟོད་ཀྱི་གཟེངས་རྟགས་འདི་འབུལ་ལམ་ཞུ་རྒྱུ་བྱུང་བ་གཟི་བརྗིད་ཡིན་སྐོར་གྱི་གསུང་བཤད་གནང་ཡོད་འདུག

དེ་རྗེས༧མགོན་པོ་གང་ཉིད་ཀྱིས་ཐེབས་རྩ་ཁང་དེར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས་བཀའ་སློབ་ལམ་སྟོན་གནང་དོན།  ང་ཚོ་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་ཆ་ནས་ཕན་ཚུན་ལ་རོགས་རམ་བྱས་ཏེ་ཞི་བདེ་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱེད་དགོས་པ་དང་། ཉེན་ཁ་ཆུང་ཞིང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་བུད་མེད་ཀྱི་ནུས་པ་ཐོན་དགོས་ལ། བུད་མེད་ཚོར་སྐྱེས་པ་ལས་བྱམས་བརྩེ་ཆེ་བ་ཡོད་སྐོར་སོགས་གསུངས་ཡོད་འདུག

གཞན་ཡང་། ཉེ་སྔོན་ནས་རྒྱ་གར་གྱི་མང་གཙོའི་ལས་འགུལ་བ་སྐུ་ཞབས་ཨ་ན་ཧ་ཛར་ལགས་ཀྱིས་སྣེ་ཁྲིད་པའི་ལྐོག་ཟ་རུལ་སུངས་མེད་པར་བཟོ་བའི་ལས་འགུལ་གྱི་ཐད་ལ་༧མགོན་པོ་གང་ཉིད་ཀྱིས། ངོས་ནས་ཨ་ན་ཧ་ཛར་ལགས་ཀྱིས་དབུ་ཁྲིད་པའི་རྒྱ་གར་ནང་ལྐོག་ཟ་རུལ་སུངས་མེད་པར་གཏོང་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱ་གར་གྱི་གཞོན་སྐྱེས་ཚོས་དེའི་ཐད་འགན་མང་ཙམ་འཁུར་ནས་སོ་སོའི་རྒྱལ་ཁབ་ལེགས་པོ་ཡོང་བར་འབད་བརྩོན་བྱེད་དགོས་པ་དང་། ལྷག་པར་དུ་རྒྱ་གར་གྱི་བུད་མེད་ཚོས་རྒྱལ་ཁབ་དང་ཁྱིམ་ཚང་གཉིས་ཀའི་ནང་འགན་གང་མང་ལེན་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

གཟེངས་རྟགས་དེ་རྒྱ་གར་ནང་ཤེས་ཡོན་གོང་འཕེལ་དུ་གཏོང་བར་མཛད་རྗེས་རླབས་ཆེན་བཞག་པའི་སྐུ་གཤེགས་ལྕམ་ཌཱ་ཡཱ་ཝཱ་ཊའི་མའོ་ཌི་མཆོག་གི་རྗེས་དྲན་དུ། ཐོག་མར་ཕྱི་ལོ་༡༩༩༤ལོར་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པའི་ཡབ་ཆེན་དུ་འབོད་པའི་ཤི་རའི་ཨ་མའི་ཊཱ་བྷ་ཆན་ལ་གནང་ཡོད་པ་དང་། དེ་བཞིན་བྱམས་བརྩེའི་བདག་མོ་ཨ་མ་ཊི་རའི་སཱ་དམ་པ་མཆོག་གིས་གཙོ་བྱས་པའི་རྒྱ་གར་གྱི་རི་མོའི་སྒྱུ་རྩལ་བ་དང་རོལ་མོ་བ་སོགས་སྤྱི་ཚོགས་ལ་བྱས་རྗེས་བཞག་པའི་  མི་སྣ་མང་པོར་ཕུལ་ཡོད་ལ།  གཟེངས་རྟགས་དེ་ཕྱག་འཁྱེར་དང་ལྷན་དུ་ཧིན་སྒོར་འབུམ་གཉིས་དང་ཁྲི་༥ཡོད་པའི་རྒྱ་གར་གྱི་རིག་གནས་སྒྱུ་རྩལ་ཐད་ཚད་མཐོ་ཤོས་ཀྱི་གཟེངས་རྟགས་ཤིག་ཆགས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།