རྒྱ་གཞུང་གི་བཙན་དབང་འོག་སྡོད་མ་ཚུགས་པའི་བོད་མི་གསར་འགོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༥བའི་ཚེས༥ཉིན་སྤེལ། འདི་ག་གསར་ཁང་གིས་བོད་ནས་གསར་དུ་འབྱོར་བའི་བོད་མི་གསར་འགོད་པ་ནམ་མཁའ་བསོད་ནམས་གྲགས་པ་ལགས་ལ་བཅར་འདྲི་བྱས་པ་བརྒྱུད། ད་ སྐབས་བོད་ནང་གི་གསར་འགོད་རང་དབང་དང་ཆོས་ལུགས་དད་མོས་རང་དབང་ལ་རྒྱ་གཞུང་གི་ ཇི་ལྟར་གཏོར་རྒོལ་གཏོང་བཞིན་ཡོད་པའི་ཐད་ཤེས་རྟོགས་རགས་ཙམ་བྱུང༌།

རང་ལོ་བཞི་བཅུར་སོན་པའི་བསོད་ནམས་གྲགས་པ་ལགས་ནི་ཡོན་ནན་ཞིང་ཆེན་བདེ་ཆེན་ཤང་དུ་སྐྱེས་ཤིང༌། བོད་དུ་བཞུགས་སྐབས་དགེ་རྒན་གྱི་ཕྱག་ལས་ལོ༣རིང་ལ་བཞེས་མྱོང་ཡོད་པ་མ་ཟད། ས་གནས་རྒྱ་སྐད་བརྙན་འཕྲིན་ཁང་ཞིག་གི་རྩོམ་སྒྲིག་པ་དང་འགན་འཛིན་གྱི་ལས་གནས་གཅིག་ལྕོག་ཏུ་ཁུར་མྱོང་ཡོད་ཅིང༌། གསར་འགོད་པའི་ལས་ཁུར་ཡང་ལོ༢༡རིང་ལ་གནང་ཡོད་འདུག

གྲགས་པ་ལགས་དང་ཕ་ཡུལ་གཅིག་པའི་བླ་མ་ཞིག་སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་ཕྱིན་ནས་ཕྱིར་ཕེབས་སྐབས། ཁོང་གིས་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པའི་ྋགོང་ས་མཆོག་དང་རྒྱལ་བ་ཀརྨ་པའི་སྐུ་པར་འགའ་ལག་བསྣམས་བྱུང་ཡོད་འདུག་ལ། བླ་མར་མཇལ་ཁ་ཞུ་དུས་བླ་མས་གྲགས་པ་ལགས་ཀྱི་ཨམ་ཕྲག་ནང་དུ་གོང་གི་སྐུ་པར་དག་རྫིངས་ནས་གསུང་རྒྱུར། ང་རང་ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་ཟེར། གྲགས་པ་ལགས་དང་མཉམ་གཅིག་ཏུ་མཇལ་ཁར་བཅར་བའི་དེ་བཞུགས་ཀྱི་དད་ལྡན་མང་ཚོགས་སྐོར་ཞིག་གིས་ྋགོང་ས་མཆོག་དང་རྒྱལ་བ་ཀརྨ་པའི་སྐུ་པར་མཐོང་མ་ཐག པར་གྱི་འདྲ་བཤུས་འགའ་བསྐྱར་པར་བྱས་ནས་སྤྲོད་རོགས་ཀྱི་ཞུ་བ་ཡང་ཡང་འཐེན་པར། གྲགས་ པ་ལགས་ཀྱིས་ྋགོང་ས་མཆོག་དང་རྒྱལ་བ་ཀརྨ་པའི་སྐུ་པར་ཆིག་ཁྲི་ལྷག་པར་བཤུས་གནང་ སྟེ་རྒྱ་ཆའི་བོད་རིགས་མང་ཚོགས་ཁྲོད་དང་དགོན་སྡེ་གྲྭ་ས་ཁག་ཏུ་འགྲེམས་སྤེལ་ གནང་ཡོད་པ་རེད།

དེ་ ཡང་ཕྱི་ལོ༢༠༠༥ལོར་གྲགས་པ་ལགས་ཀྱིས་ཉེན་ཁ་འཛེམས་མེད་ངང་ྋགོང་ས་རྒྱལ་བའི་དབང་ བའི་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་ མཆོག་གི་སྐུ་པར་ས་གནས་མང་ཚོགས་ཁྲོད་བཀྲམས་ཡོད་འདུག་ལ། པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་རི་ཡོན་ནན་ས་ཁུལ་དུ་གཟིགས་སྐོར་ལ་ཡོང་དུས། རྒྱ་ནག་དབུས་གཞུང་གིས་ཡོན་ནན་གྱི་ཞིང་ཆེན་དང་རྫོང་རིམ་པ་ཁག་གི་མགོ་ཁྲིད་རྣམས་ཀྱི་གྲ་སྒྲིག་གང་ལེགས་བྱེད་དགོས་ཐོག ས་གནས་བོད་མི་ཡོད་དོ་ཅོག་གིས་ཁོང་ཕེབས་བསུ་བྱེད་དགོས་པ་མ་ཟད། ཁོང་གི་མདུན་དུ་མཇལ་ཁ་ཞུ་རུུ་བཅར་དགོས་པའི་བཀའ་ཁྱབ་ནན་མོ་བཏང་ཡོད་འདུག་མོད། གྲགས་ པ་ལགས་དང་ཁོང་གི་རོགས་པ་འགའ་ཞིག་གིས་ལྐོག་ཏུ་ས་གནས་སྡེ་བ་ཁག་གི་སྡེ་དཔོན་ དང་གནད་ཡོད་མི་སྣར་འབྲེལ་གཏུགས་ཀྱིས་པཎ་ཆེན་ཆུང་སྲིད་རྫུན་མར་དད་མོས་བྱེད་ མི་རུང་བའི་བརྡ་ཁྱབ་་བཏང་།

བློ་ཡུལ་ལས་འདས་པ་ཞིག་ལ། རྒྱ་ནག་ཉེན་རྟོགས་པས་གྲགས་པ་ལགས་ཀྱི་ལས་སྒོ་དག་ལ་དོགས་སྣང་གིས་ཁོང་གི་འགྲོ་བསྡད་ཉལ་གསུལ་ལ་མྱུལ་ཞིབ་བྱེད་མགོ་ཚུགས་ཤིང། ཕྱི་ལོ༢༠༠༧ལོའི་ཟླ༡༡པའི་ཟླ་མགོར། གྲགས་པ་ལགས་ཀྱིས་མོ་རྩིས་ལུང་གསུམ་དང་གཉེན་ཉེ་དག་གི་ཁ་ཏྭ་སློབ་གསོར་ཉན་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་བར་སེམས་ཐད་གཙང་བཅད་བྱས། ཁོང་གིས་ད་ལྟ་པོ་ཞོན་དྲ་ཐོག་གསར་འགྱུར་ཞེས་པའི་གསར་ཁང་གི་རྒྱ་ཡིག་གསར་འགོད་པའི་ཕྱག་ལས་གནང་གིན་ཡོད།

ཁོང་གིས་མཇུག་མཐར་བོད་ནང་གི་གསར་འགྱུར་རང་དབང་ཐད་བརྗོད་དོན། བོད་ནང་དུ་གསར་འགྱུར་རང་དབང་རྩ་བ་ནས་མེད་ཁར། གསར་ འགོད་པའི་འཚོལ་བསྡུ་བྱས་པའི་གསར་འགྱུར་དག་རྒྱ་གཞུང་གིས་དག་བཅོས་དང་འཕྲི་ སྣོན་བྱས་རྗེས་ད་གཟོད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཆོག་ཅིང་། གསར་འགོད་པ་ཚོས་རྒྱ་ནག་གུང་ཁྲན་ཏང་གི་བཟང་ཕྱོགས་རྒྱན་ཕྱོགས་རྐྱང་མ་གཏོགས་འབྲི་བཀོད་བྱེད་ཆོག་གི་མེད་ཅེས་ཟེར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།